ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་འདུ་རྫོང་ལབ་ཞང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གནའ་གྲོང་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་བསྩལ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དུ་གནས་པའི་ལབ་ཞང་ནི་རི་བོའི་གསེབ་དང་ཆུ་བོའི་འགྲམ་དུ་ཆགས་ཡོད་ལ། གཙང་ཆེན་ཆུ་ཆེན་གྱི་ལྷུན་སྡུག་དང་ཕུན་ཚོགས། རིག་གནས་ཀྱི་ཡུན་རིང་དང་རྒྱུན་འཛིན། མི་རིགས་ཀྱི་བབ་ཆགས་དང་འཆར་ཡན། གནའ་བོའི་བོད་གྲོང་འཛུགས་སྐྲུན་གྱི་ཁྱད་ཆོས་དང་བརྗིད་ཆགས་བཅས་ཀྱིས་ཡུལ་འདིར་རྔམ་མཐུག་ལ་རྒྱ་ཆེ་བའི་མཛེས་ཚོར་ངོ་མཚར་བ་ཞིག་སྦྱིན་ཡོད།

ཁྱད་ཆོས་ནི་འགྲན་རྩོད་ཀྱི་ནུས་པ་དང་ཚེ་སྲོག་གི་སྟོབས་ཤུགས་ཡིན། ལོ་རྒྱུས་ཀྱིས་ལབ་ཞང་གི་གནོད་ཕྱིའི་བསྐྱར་སྐྲུན་གྱི“རྙིང་པ་སླར་གསོ་དང་རྙིང་པ་སོར་འཇོག”བྱས་པའི་འཕེལ་རྒྱས་ལོ་རྒྱུས་བདེན་དཔང་བྱས་ཡོད། ཡུལ་དེའི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་གྱི་གནའ་བོའི་བོད་གྲོང་རིག་གནས་ཡུལ་སྐོར་གྲོང་རྡལ་གྱི་ལྗང་མདོག་སྤུས་ལེགས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འདུ་ཤེས་ལ་རྐང་བཙུགས་པ་དང་། “སྐྱེ་ཁམས་ཀྱི་མཛེས་པ+རིག་གནས་ཀྱི་ནང་དོན”སྲོག་ཤིང་དུ་བརྩིས་ཏེ། ལབ་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བའི་རྨང་གཞིའི་སྒྲིག་བཀོད་ཇེ་བཟང་དང་གྲོང་རྡལ་གྱི་བྱེད་ནུས་ཇེ་ལེགས། ཐོན་ལས་ཀྱི་རམ་འདེགས་ཇེ་དྲག སྐྱེ་ཁམས་ཁོར་ཡུག་ཇེ་མཛེས་བཅས་སུ་བཏང་། སྡེ་བ་འཛུགས་སྐྲུན་གྱི་རྣམ་པ་དང་ཉམས་འགྱུར་དངོས་ཡོད་ཀྱི་ས་གཤིས་ཆ་རྐྱེན་འབུར་དུ་དོད་པའི“ཚུགས་ཀ”ལ་རྐང་ཚུགས་ཏེ། ཁྱད་ཆོས་མངོན་པའི“མཛེས་པ”ཧུར་བརྩོན་གྱིས་བསྐྲུན། བོད་ཡུལ་དུ་དཀོན་ནའང་སྔར་བཞིན་མི་བསྡད་ཡོད་པའི“གསོན་པོའི”གནའ་བོའི་བོད་གྲོང་ཡིན་པའི་ལབ་ཞང་གིས་ལད་མོ་བྱེད་ཐབས་བྲལ་བའི་སྐྱེ་ཁམས་དང་མི་ཆོས་ལོ་རྒྱུས་ཀྱི་རིག་གནས་ལ་བརྟེན་ནས། བརྗོད་དོན་དང་བྱེད་ནུས། ཐོན་ལས། སྟེགས་བུ། རིག་གནས་བཅས་ཀྱི་གནས་མཚམས་གཏན་འབེབས་བྱས་པ་དང་། གནའ་གྲོང་དེའི་གནའ་བོའི་བོད་ཀྱི་རིག་གནས་གྲོང་རྡལ་ཆུང་བའི་ཁྱད་འཕགས་ཅན་དང་གསར་གཏོད་དམིགས་བསལ་ཅན། ཚོང་ཁྲོམ་ཅན། ས་ཁོངས་ཅན་བཅས་འབུར་དུ་དོད་དེ། གནའ་བོའི་བོད་གྲོང་གི་རིག་གནས་ཡུལ་སྐོར་གྲོང་རྡལ་གྱི་སྤོ་བསྒྱུར་འཕེལ་རྒྱས་མངོན་འགྱུར་བྱས།

ལབ་ཞང་དུ་འབྲི་ཆུའི་ཟམ་རྙིང་དང་ཇོ་བོ་སྒྱོགས་ཆེན་ལྡོང་ར། མོ་ལོ་ཉེན་འཚོལ། གཙང་གསུམ་འབྱུང་ཡུལ་དྲན་གསོ་རྡོ་རིང་། འབྲི་ཆུའི་ཆུ་གཡེང་རྗེས་དྲན་ཁང་སོགས་གནའ་ཤུལ་གྲགས་ཅན་མང་པོ་ཡོད་ལ། ལབ་དགོན་དང་མཆོད་རྟེན་ཟམ་ཁ། འབྲི་ཆུའི་བྲག་རིས་བཅས་ཡུས་ཧྲུའུ་ཡི་རྒྱ་ནག་མ་ཎི་རྡོ་འབུམ་དང་འབིས་རྣམ་པར་སྣང་མཛད་གཉིས་དང་སྙན་གྲགས་གཅིག་མཚུངས་ཡིན་པའི་ལོ་རྒྱུས་རིགས་ཀྱི་ནོར་བུའང་ཡོད། དེར་མ་ཟད་མི་རིགས་གླུ་གར་དང་འཇིམ་བཟོ། རྡོ་བརྐོས་སོགས་ཀྱི་ལག་ཤེས་ཐོན་རྫས་དང་། ལྷ་སའི་ཐང་གི་སྲོལ་རྒྱུན་དུས་ཆེན་ཏེ“རླུང་རྟ་དུས་ཆེན”དང“གདོང་ཁོག་མཚོ་མཆོད”“རྨོ་འདེབས་དུས་ཆེན”སོགས་དམངས་སྲོལ་དང་དུས་ཆེན་བྱ་འགུལ་ཡང་ཡོད།

ཁྲི་འདུ་རྫོང་ཨུ་དང་སྲིད་གཞུང་སྐབས་རིམ་བྱུང་གིས་ཐོན་ལས་ཀྱི“ཁྱད་ཆོས་ལྡན་ཞིང་སྟོབས་ཤུགས་ཡོད་པ”དང་རིག་གནས་ཀྱི“ལོ་རྒྱུས་ཀྱི་ཡུན་རིང་ལ་གསར་གཏོད་ཀྱི་ཆ་ཡོད་པ”ཡི་བླང་བྱར་རྐང་ཚུགས་ཏེ། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ཀྱིས“ཡུལ་སྐོར+ཐོན་ལས”ཀྱི་གོང་དུ་སྤེལ་སྟངས་གཏན་འབེབས་བྱས་པ་དང་། ཁྱད་ཆོས་དང་ལེགས་ཆ་ལྡན་པའི་སྐྱེ་ཁམས་དང་ལོ་རྒྱུས་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ། “ཡུལ་སྐོར+ཐོན་ལས་དང་པོ་གཉིས་པ་གསུམ་པ”ཡི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། རིག་གནས་གསར་སྐྲུན་གྱི་ཞིབ་འཇུག་གསར་སྤེལ་དང་རིག་གནས་ཀྱི་ཞིབ་འཇུག་བསླབ་ཚན། ཁྱད་ལྡན་ཉོ་འཚོང་། སྐྱེ་ཁམས་ཞིང་ལས། སྤྲོ་གསེང་རྩེད་འཇོ་བཅས་ལ་ཡོངས་སུ་ཁེབས་པའི་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིངས་ནས་གྲུབ་ཡོད།

པེ་ཅིན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་གོ་སྐབས་ལ་བརྟེན་ནས། ཁྲི་འདུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར2ལྷག་ཧྲག་སྡེབ་བྱས་ཏེ་ལབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆགས་སྟངས་ཤུགས་ཡོད་རྒུས་ཆགས་སུ་བཅུག་པ་དང་། “ཡུལ་སྐོར་དང་སློབ་སྦྱོང་། ཞིབ་འཇུག གསར་སྐྲུན། རྩེད་འཇོ”བཅས་གཞི་གཅིག་ཏུ་འདུས་པའི་མཚོ་སྔོན་བོད་ཀྱི་གནའ་བོའི་རིག་གནས་ཀྱི་ཡུལ་སྐོར་རྣམ་པ་གསར་སྐྲུན་བྱས་ལ། མི་དང་རང་བྱུང་འཆམ་མཐུན་གཅིག་གྱུར་ཡིན་པའི་མཐོ་སྒང་གི་གཞིས་ཆགས་དཔེ་མཚོན་དང་། ཡུས་ཧྲུའུ་ཡི་བོད་ཀྱི་གནའ་བོའི་རིག་གནས་ཀྱི་ཡུལ་སྲོལ་གསར་པའི་ཡུལ་སྐོར་མིང་བྱང་དང་བོད་ཀྱི་གནའ་བོའི་རིག་གནས་གསར་སྐྲུན་ཐོན་རྫས་ཞིབ་འཇུག་གསར་གཏོད་དང་སྦྱོར་བཟོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱས།

བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ཆེས་མཐའ་མཇུག་གི་འབབ་ས་ནི་དམངས་ལ་ཕན་འདོགས་རྒྱུ་དེ་ཡིན། ཡུས་ཧྲུའུ་ཡི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོན་ལས་དར་རྒྱས་འབྱུང་བ་དང་སྐྱེ་ཁམས་གཞིས་ལ་འཕྲོད་པ། ཡུལ་སྲོལ་དཔལ་ཡོན་ལྡན་པ། བཅོས་སྐྱོང་ལ་ཕན་འབྲས་ཡོད་པ། འཚོ་བར་འབྱོར་ཕྱུག་ལྡན་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར། རི་ཆུ་བཅོས་སྐྱོང་དང་རི་ཆུ་མངོན་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་དང་ཕན་ཚུན་འཕྲོད་ཅིང་ཕན་ཚུན་ལ་ཕན་འདོགས་པའི་ལམ་བུ་ཞིག་ཏུ་བསྐྱོད། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་བརྟེན་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྣ་ཚོགས་དང་ཕན་ལྡན་གྱིས་སྦྲེལ་མཐུད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ། ལབ་ཀྱི་གནའ་བོའི་བོད་གྲོང་གི་རིག་གནས་ཡུལ་སྐོར་གྲོང་རྡལ་གྱི་རིག་གནས་ཡུལ་སྐོར་ཚོང་རྟགས་ཀྱིས་བསྐྱེད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཕན་འབྲས་ཡུན་རིང་ཞིང་རིགས་སོ་སོའི་མང་ཚོགས་ལ་ཕན་འདོགས་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།