ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་སྟོད་རྫོང་གི་ཁྱད་ལྡན་ཐོན་རྫས་ཆུང་བས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྣན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨ་མའི་ཞོ་འོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་སྣོན་བཟོ་གྲྭའི་ནང་སོང་བ་ན། ཡངས་ཤིང་གསལ་བའི་ཐོན་སྐྱེད་འཁོར་ཁང་དུ། ཞོ་དང་མར་སོགས་དེང་རབས་ཅན་གྱི་འོ་མའི་ཐོན་རྫས་ཐོན་སྐྱེད་ཀྱི་སྒྲིག་ཆས་ཆ་ཚང་ཡོད་པ་རེད།

དེའི་གྲས་ཀྱི་འཁོར་ཁང་གཅིག་གི་ནང་དུ་སོང་བ་ན། བཟོ་བ་ཚོས་ཚ་ཚ་འུར་འུར་ངང་ཐུམ་རྒྱག་པ་དང་། ཚོང་རྟགས་ཀྱི་བྱང་བུ་སྦྱོར་བ། མ་དཔེ་བཞག་སྟེ་སྤུས་ཚད་ལ་ཞིབ་བཤེར་བྱེད་པ་བཅས་ལས་ཀ་རེ་རེའི་མགོ་མཇུག་མ་འཁྲུགས་པར་ཡོད་ཅིང་། དཔྱིད་དཔལ་རྒྱས་པ་ལྟ་བུའི་གྲོང་གསེབ་དར་སྤེལ་གྱི་ཤོག་དྲིལ་རི་མོ་ཞིག་དལ་གྱིས་བཀྲམ་འདུག

འབྲི་སྟོད་རྫོང་གྲོང་གསེབ་དར་སྤེལ་ཅུས་ཐོན་ལས་མཛུབ་སྟོན་ལྟེ་གནས་ཀྱི་ཀྲུའུ་རེན་ནམ། ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན་པ་མཁྱེན་རབ་མི་བརྟན་གྱིས་བཤད་རྒྱུར། “ང་ཚོའི་ཀུང་སི་ནི2019ལོར་མཚོ་སྔོན་ཉོ་འཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་ནང་འདྲེན་བྱས་པའི་རྒྱལ་དབང་མ་རྐང་ཚོད་འཛིན་གྱི་ཁེ་ལས་ཤིག་ཡིན་ལ། ཀུང་སིས་འབྲི་སྟོད་རྫོང་གི་ཕུན་སུམ་ཚོགས་པའི་ཕྱུགས་ལས་ཀྱི་དགེ་མཚན་བེད་སྤྱད་དེ། ‘ཀུང་སི+རྟེན་གཞི+ཐོན་སྐྱེད་མཉམ་ལས་ཁང+འབྲི་གཡག་གསོ་སྤེལ་ཁྱིམ་ཚང+གཟན་རྩྭ་འདེབས་འཛུགས་རྟེན་གཞི’བཅས་ཐོན་ལས་ཅན་གྱི་མཉམ་འདྲེས་བདག་གཉེར་གྱི་དཔེ་དབྱིབས་ལ་བརྟེན་ནས། འབྲི་མོའི་འོ་ལས་ནི་འབྲོག་པ་ཡོང་འཕར་ཕྱུག་འགྱུར་ཡོང་བྱེད་ཀྱི་ཐབས་ལམ་གསར་པ་དང‘ལྗང་མདོག་གི་དངུལ་ཁང’ལ་གྱུར་ཏུ་བཅུག།”

ལོ་ན40ལ་སོན་པའི་སྨོན་ལམ་ནི་འབྲི་སྟོད་རྫོང་སྟོད་ཚེ་ཞང་སྟག་སེང་སྡེ་བའི་རེད། ད་ལྟ་ཁོ་ནི་ཁེ་ལས་ཀྱི་ཁྲོ་ཐབ་སྲོ་མཁན་ཡིན་ལ་ཐུམ་རྒྱག་མཁན་ཡང་ཡིན། ཁོ་ཚང་ལ་བསྡོམས་པས་ཁྱིམ་མི་བདུན་ཡོད་མོད། ཕ་མའི་ལོ་ན་བགྲེས་ལ་བྱིས་པ་ཆུང་བ་དང་། ཆུང་མས་ཁྱིམ་ནས་ཁོ་ཚོ་སྙོར་དགོས་པས། ཁྱིམ་ན་ཁོ་ལས་ངལ་རྩོལ་པ་གཞན་མེད་པ་རེད།

ལས་ཚོགས་སུ་མ་ཡོང་སྔོན་ལ། དབྱར་ཁར་སྨོན་ལམ་གྱིས་ཕྱུགས་འཚོ་བཞིན་ཡོད་ལ། དགུན་ཁར་རྫོང་མཁར་ནས་ཞོར་ལས་བྱེད་བཞིན་ཡོད་སྟབས། ཡོང་འབབ་གཏན་འཇགས་ཤིག་མ་རེད། ཨ་མའི་ཞོ་འོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་རྗེས། སྨོན་ལམ་གྱིས་ཚོད་ལྟ་ཞིག་བྱེད་སྙམ་པའི་བསམ་པ་བཟུང་སྟེ་གདན་ཞུའི་ནང་སོང་མོད། མ་བསམས་ས་ནས་ཁེ་ལས་ཀྱིས་སྨོན་ལམ་གྱི་གནས་ཚུལ་ཤེས་རྗེས་ཁོ་སྡོད་དུ་བཅུག

མཁྱེན་རབ་མི་བརྟན་གྱིས་བཤད་རྒྱུར། “ང་ཚོ་ནི་འབྲི་སྟོད་དུ་རྐང་ཚུགས་པའི་ཁེ་ལས་ཤིག་ཡིན་པའི་ཆ་ནས། ས་འདིའི་འབྲོག་པ་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་རྒྱུའི་འོས་འགན་དང་ལས་འགན་ཡོད། དུས་མགོར་གསོ་སྦྱོང་བྱས་པ་བརྒྱུད། སྨོན་ལམ་ནི་བྱ་བའི་ཐད་ནན་ཏན་དང་སློབ་ལ་བརྩོན་པ་ཞིག་ཡིན་པས། ཡུན་རིང་པོ་མ་འགོར་བར་ཀུང་སིའི་ཁས་ལེན་ཐོབ་སྟེ། ཁྱིམ་གྱི་སྒོ་ཁ་ནས་གཏན་འཇགས་ཀྱི་ལས་ཀ་ཞིག་ལག་སོན་བྱུང་།”

སྨོན་ལམ་སེམས་འགུལ་ཐེབས་པའི་ངང“ད་ལྟ་ང་ལ་ཟླ་རེར་སྒོར2500ཡི་ཟླ་ཕོགས་ཡོད་པ་དང་། དེའི་སྟེང་སྐྱེ་ཁམས་ཁ་གསབ་མ་དངུལ་བསྣན་ན། འཚོ་བ་ནི་ཉིན་རེ་ནས་ཉིན་རེར་རེ་བས་ཁེངས་ཡོད”ཟེར།

དེ་དང་འདྲ་བར། ཚེ་རྒྱལ་ནི་ཨ་མའི་ཞོ་རང་ཉར་རྩྭ་རའི་ཕྱུགས་རྫི་དང་དོ་དམ་པ་ཡིན། ཁོའི་ཉིན་རེའི་ལས་ཀ་ནི་ཕྱུགས་འཚོ་བ་དང་རྩྭ་ར་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། སྨོན་ལམ་དང་འདྲ་བར། ཁོ་ཡང་རྩྭ་ཐང་གི་འབྲོག་པ་དཀྱུས་མ་ཞིག་ནས་ཀུང་སིའི་ལས་བཟོ་པར་གྱུར་ཏེ་གཏན་འཇགས་ཀྱི་ལས་ཀ་ཞིག་ལག་ལ་རེག་ནས་འཚོ་བ་ཇེ་སྐྱིད་དུ་སོང་ཡོད།

དཀའ་ཁག་ཡོད་པའི་མང་ཚོགས་ལ་ཐད་ཀར་རོགས་སྐྱོར་བྱས་པ་ལས་གཞན། ཁེ་ལས་དང་མཉམ་ལས་ཁང་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་པའང་གྲོང་གསེབ་དར་སྤེལ་གྱི་ལམ་བུའི་སྟེང་མངོན་པར་དོད་དེ་གླེང་རིན་ཡོད་པ་ཞིག་རེད།

“ཉིན་གསུམ་རེའི་ནང་ཀུང་སི་ང་ཚོའི་མཉམ་ལས་ཁང་དུ་འོ་མ་དང་སྐམས་ཤ་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་བསྡུ་རུ་ཡོང་བཞིན་ཡོད། ཁེ་ལས་ཀྱི་རྒྱབ་རྟེན་ཡོད་པས། ཡུལ་མི་ཚོའི་ཚོང་རྫས་ལ་འཚོང་ལམ་ཡོད་པར་གྱུར་ཅིང་ང་ཚོ་ཡང་དགའ་སྤྲོ་སྐྱེས་ཡོད། མ་ཟད་ཁོ་ཚོས་ཀྱང་སྔར་བས་མཉམ་ལས་ཁང་ལ་ཡིད་ཆེས་བྱས་ཏེ། རང་འགུལ་ངང་མཉམ་ལས་ཁང་དུ་ཞུགས་རྒྱུར་ཚང་མ་འཐད་འདུག”རྫོང་རིམ་པའི་ཐོན་སྐྱེད་མཉམ་ལས་ཁང་ཞིག་གི་འགན་འཁུར་པ་བློ་བཟང་དགེ་ལེགས་ཀྱིས་དེ་ལྟར་བཤད་བྱུང་།

“ལྔ་བཅུ་བཞི”མགོ་བརྩམས་པའི་ཚུན་ལ། “མཉམ་ལས་ཁང+གྲོང་གསེབ་དར་སྤེལ”ནི་ཐོག་མཐའ་བར་གསུམ་དུ་ཀུང་སི་འདིས་བདག་གཉེར་བྱེད་པའི་དཀྱིལ་སྙིང་དཔེ་དབྱིབས་རེད། ཀུང་སིས་འབད་པ་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་བ་དང་ཆབས་ཅིག ཚོང་ཟོང་མངགས་ཐོའི་སྟེང་མིང་འགོད་པའི་ཐབས་སྤྱད་དེ། མཉམ་ལས་ཁང་ནས་ས་གནས་ཀྱི་སྤུས་ལེགས་ལ་གོང་དམའ་བ། གནོད་མེད་ཡིན་པའི་ཕྱུགས་ལས་ཐོན་རྫས་ཉོས་རྗེས། ལོ་མཇུག་ལ་མཉམ་ལས་ཁང་སོ་སོར་ཁེ་སྤོགས་བགོས་ཏེ། གྲོང་གསེབ་དར་སྤེལ་དང་དཔལ་འབྱོར་ཁེ་བཟང་གཉིས་“མཉམ་རྒྱལ”ཡིན་པ་མངོན་འགྱུར་བྱས།

ད་ལྟ། འབྲི་སྟོད་རྫོང་དུ་ཕྱུགས་ལས་མཉམ་ལས་ཁང་བསྡོམས་པས36ཡོད་པ་དང་།དེའི་གྲས་སུ། སྡེ་བ་རིམ་པའི་ཐུན་མོང་མཉམ་ལས་ཁང20ཡོད་ཅིང་། རྫོང་རིམ་པའི་མཉམ་ལས་ཁང1དང་། སྒེར་གཉེར་མཉམ་ལས་ཁང15ཡོད་ལ། བསྡོམས་པས་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ6294དང་ཁྱིམ་ཚང19560ཡོད་པ་དང་། ལྷས་ཡོད་ཕྱུགས་གྲངས41040ཡོད། ཉེ་ཆར་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་རྫོང་ཡོངས་ཀྱི་མཉམ་ལས་ཁང་གིས་དཔག་རྩིས་བྱས་ན་ཁེ་སྤོགས་བགོས་ཚད་སྒོར་ཁྲི1269.68ལ་བསླེབ་རྒྱུ་རེད། མཉམ་ལས་ཁང་གི་ནུས་པ་ཉིན་རེ་ནས་ཉིན་རེར་འབུར་ཐོན་ཡིན་སྟབས། འབྲོག་པ་མཉམ་ལས་ཁང་དུ་ཞུགས་རྒྱུའི་འདུན་པའང་ཡོངས་ཁྱབ་ཀྱིས་ཇེ་ཆེར་སོང་ལ། གཏན་འཇགས་ངང་ཡོང་སྒོ་འཕར་བ་དང་། ལས་རིགས་དར་རྒྱས་སུ་གཏོང་བའི་ཕྱུག་བསྒྱུར་ལས་སྤེལ་གྱི་བགྲོད་ལམ་ཡང་ཇེ་ཡངས་ནས་ཇེ་ཡངས་སུ་སོང་།

འབྲི་སྟོད་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མ་ལན་གྱིས་བཤད་རྒྱུར། “2021ལོའི་ཚུན་ལ། འབྲི་སྟོད་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དངོས་འབེབས་ལག་བསྟར་བྱེད་སྐབས། གཙོ་ཁྲིད་ཁེ་ལས་ཀྱི‘སྣེ་ཁྲིད།’ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། དེང་རབས་ཅན་གྱི་ཞིང་ཕྱུགས་ཐོན་ལས་དང་། ཐོན་སྐྱེད། བདག་གཉེར་བཅས་ཀྱི་མ་ལག་འཛུགས་པ་ཇེ་མགྱོགས་སུ་བཏང་ཞིང་། ཞིང་སྡེ་དང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱས།ཕྱུག་བསྒྱུར་སྣེ་ཁྲིད་མཁན་གསོ་སྐྱོང་བྱེད་པའི་བཟོ་སྐྲུན་ལ་རྗེས་མཐུད་རྒྱབ་སྐྱོར་བྱས་པར་མ་ཟད། འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ལྡན་པ་དང་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་འབྲེལ་བ་ཟབ་པའི་གཞོན་ནུ་ལས་ལམ་གསར་འབྱེད་ཀྱི་རྣམ་གྲངས་ལ་ནུས་ལྡན་རོགས་སྐྱོར་བྱས”ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།