ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གིས་འབྲུ་རིགས་ཏུན་ཁྲི34.3གྲབས་གསོག་བྱས་པས་འཕྲལ་བསྟུན་གནས་ཚུལ་འོག་གྲོང་ཁྱེར་ཡོངས་ཀྱི་མི་འབོར་ལ་ཉིན204ལྷག་གི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་གསལ་བྱུང་བར། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རིམས་ནད་འགོག་སྡོམ་དང་དམངས་འཚོའི་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ནས། རིམས་འགོག་མཁོ་ཆས་དང་འཚོ་བའི་དངོས་ཟོག་སོགས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་བརྟན་འཇགས་ཡོང་བའི་ལས་དོན་ལེགས་པར་བསྒྲུབ་པར་མཛུབ་ཁྲིད་དང་གཞོགས་འདེགས་བྱས། མིག་སྔར་ཟི་ལིང་ས་ཁུལ་གྱིས་འབྲུ་རིགས་ཏུན་ཁྲི34.3གྲབས་གསོག་བྱས་པ་དེས་འཕྲལ་བསྟུན་རྣམ་པའི་འོག་གྲོང་ཁྱེར་ཡོངས་ཀྱི་མི་འབོར་གྱིས་ཉིན204རིང་འཛད་སྤྱོད་བྱེད་པའི་དགོས་མཁོ་དང་། ཐོན་རྫས་དང་དངོས་ཟོག་གྲབས་གསོག་དང་དེ་བཞིན་ཟས་རིགས་འབྲུ་མཛོད་ཀྱིས་ཉུང་མཐར་ཡང་གྲོང་ཁྱེར་ཡོངས་ཀྱི་མི་འབོར་ལ་ཉིན21ཡན་གྱི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ།

ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས་འབྲུ་རིགས་མ་ལག་རྩ་འཛུགས་བྱས་ནས།ཟི་ལིང་ས་ཁུལ་གྱི་འབྲུ་རིགས་གྲབས་གསོག་བྱས་ཚད་ལ་ནན་ཏན་གྱིས་ཞིབ་བསྡུར་དང་། འབྲུ་རིགས་འཕྲལ་བསྟུན་ལས་སྣོན་ཁེ་ལས་མཐུན་སྦྱོར་དང་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕྲལ་བསྟུན་ཐོན་སྐྱེད་ཀྱི་གྲ་སྒྲིག་བཟང་པོ་བྱས། མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱིས་རྒྱུན་གཏན་གྱི་ཁྲོམ་རའི་མཁོ་སྤྲོད་གྲངས་འབོར་དང་ཟུང་འབྲེལ་བྱེད་པར་དུས་ལྟར་མཐུན་སྦྱོར་མཛུབ་ཁྲིད་དང་། རིམས་ནད་འགོག་སྡོམ་དུས་སྐབས་སུ་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་དབོར་འདྲེན་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད། སྔ་མོ་ནས་མི་དམངས་མང་ཚོགས་ཀྱིས་གཅིག་སྡུད་ཉོ་སྒྲུབ་བྱེད་སྐབས་དགོས་མཁོ་ཆེ་ཤོས་ལ་ཚོད་རྩིས་དང་། ཕྱི་ཕྱོགས་ནས་དངོས་ཟོག་དབོར་འདྲེན་བྱེད་པའི་སྣ་ཁ་དང་གྲངས་འབོར་སོགས་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་སྔོ་ཚལ་གཅིག་སྡུད་ཀྱིས་ཁྲོམ་རར་འདོན་པའི་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་བྱེད་དགོས། ཟླ4པ་ནས་བཟུང་། མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱི་སྔོ་ཚལ་དང་ཤོང་ཏོག སྒོ་ང་བཅས་ཀྱི་ཉིན་རེའི་ཆ་སྙོམས་གསོག་ཚད་ཏུན2475ལ་སླེབས་ནས་རིམས་ནད་འགོག་སྡོམ་སྐབས་སུ་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་འགན་ལེན་བྱས་ཡོད།

ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་གནས་ཚུལ་ལ་དུས་ལྟར་རྒྱུས་ལོན་དང་། ཁྲོམ་རའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་དང་ས་གནས་དེ་གའི་གསོག་འཇོག་ནུས་པ་གཞིར་བཟུང་ནས། གྲབས་གསོག་དབོར་འདྲེན་དུད་ཚང་གི་དོ་དམ་ལ་ཤུགས་སྣོན་དང་། འབྲེལ་གཏུག་མཐུན་སྦྱོར་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། འབྲུ་རིགས་མཁོ་སྤྲོད་ཁེ་ལས་དང་སྔོ་ཚལ་གྱི་ཐོག་མའི་ཐོན་ཡུལ་དང་འབྲེལ་གཏུག་བྱེད་པ། ཐོན་ཚོང་འབྲེལ་མཐུད་ལ་ཤུགས་སྣོན་དང་། གྲ་སྒྲིག་དབོར་འདྲེན་གྱི་བགྲོད་ལམ་འཛུགས་པ་བཅས་བྱས་ནས་འབྲུ་སྣུམ་དང་ཞིང་ཞོར་ཐོན་རྫས་ཀྱི་དངོས་ཟོག་ཁྲོམ་རའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས། ཟླ4པའི་ཚེས1ཉིན་ནས་ད་ལྟའི་བར། ཞིང་ཆེན་འབྲུ་རིགས་མ་ལག་གིས་ཟི་ལིང་ལ་སྔ་གཞུག་ཏུ་ཕྱེ་ཏུན755དང་འབྲས་ཏུན215མཁོ་འདོན་དང་། མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ལ་སྔོ་ཚལ་ཏུན29565མཁོ་འདོན་བྱས་པས། ཉིན་རེར་ཆ་སྙོམས་ཏུན1971བཙོངས་པར་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།