ཀྲུང་གོ་བོད་ཀྱི་དྲ་བ།

《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཟླ་རྗེས་མ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་ཁྲིམས་འཛུགས་དོན་རྙིང་དང་བརྒྱུད་རིམ། ནང་དོན་གཙོ་བོ་བཅས་ངོ་སྤྲོད་བྱས་ཡོད། སྲོལ་ཡིག་དེ་ཟླ3པའི་ཚེས29ཉིན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བའི་སྟེང་ཐེངས་གསུམ་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ཟླ5བའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་བདུན་ཅུ་ཡོད་དེ། སྤྱིའི་རྩ་དོན་དང་ལྟ་སྐུལ་དོ་དམ། སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། སྦགས་བཙོག་འགོག་བཅོས་དང་གནོད་འཚེ་གཞན་དག ཆ་འཕྲིན་ཡོངས་བསྒྲགས་དང་སྤྱི་དམངས་ཞུགས་པ། བཅའ་ཁྲིམས་འགན་འཁྲི། ཞུར་བྱུང་བཅས་དབྱེ་ཡོད། ནང་དོན་གཙོ་བོ་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་དང་ས་ཁོངས་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད། ཚན་རིག་དང་མཐུན་པར་བཙོག་བཅོས་དང་། གནད་འཁེལ་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་འབུར་དུ་ཐོན་པ། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་དངོས་འབེབས་བྱེད་པ་བཅས་ཁག་བཞི་འདུས།

《སྲོལ་ཡིག》དེ་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། མཚོ་སྔོན་གྱི་དོན་དངོས་ནས་མགོ་བརྩམས་ཏེ། ལོ་མང་པོའི་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་སྟེང་། མིག་སྔའི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་གནས་པའི་ཐུན་མོང་རང་བཞིན་དང་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་གཙོ་གནད་དུ་བཟུང་ནས། སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།