ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འབྲེལ་དང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་བདུན་ནས་ཚེས་བརྒྱད་ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འབྲེལ་བྱས་པ་དང་། གཞི་གྲངས་ཆེན་མོའི་འཛུགས་སྐྲུན་དང་མཐོ་སྒང་ཁམས་གསོའི་གྲོས་གཞི་གཙོ་བོ་སྒྲུབ་པའི་གནས་ཚུལ། མཉམ་འབྲེལ་ལས་གཞི་གལ་ཆེན་སྟེ་རྨ་འབྲི་རྫ་གསུམ་དག་གཙང་དྲོད་འདོན་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་སོགས་ལ་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་རྟོག་ཞིབ་ལ་ཞུགས།

གུང་ཧོ་རྫོང་དུ་མགོན་པོ་བཀྲ་ཤིས་ཀྱིས་གཞི་གྲངས་ཆེན་མོའི་ཐོན་ལས་ས་ཁུལ་དང་བཏུལ་ཐང་ཉི་འོད་ནུས་པའི་ཐོན་ལས་གླིང་སོགས་སུ་སོང་ནས་གཞི་གྲངས་ཆེན་མོ་དང་དག་གཙང་ནུས་ཁུངས་སོགས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྨ་འབྲི་རྫ་གསུམ་དག་གཙང་དྲོད་འདོན་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ཁོས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་བྱས། མུ་མཐུད་དུ་ལྗང་མདོག་དང་ཐཱན་ཉུང་། འཁོར་རྒྱུག་རང་བཞིན་གྱི་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་སའི་རྟེན་གཞིར་གྱུར་ཡོད།

ཚྭ་རྔ་འགག་ཏུ་མགོན་པོ་བཀྲ་ཤིས་ཀྱིས་ལམ་ཁ་ཧྲིལ་བོའི་ཁྱད་ལྡན་གྲོང་བརྡལ་ཆུང་ངུའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་ཟུང་འབྲེལ་བྱས་ཏེ་ཇུས་འགོད་རྩེ་གྲས་གཞི་གཅིག་ཅན་དང་འཛུགས་སྐྲུན་སྐྱེ་ཁམས་ཅན། ཐོན་ཁུངས་སྒྲིག་གཞི་ཚོང་ར་ཅན། ཐོན་ལས་འཕེལ་རྒྱས་ཁྱད་ཆོས་ཅན། དོ་དམ་ཞབས་ཞུ་ཞིབ་ཆ་ཅན་ལ་ཤུགས་རྒྱབ་ནས་ཁྱད་ལྡན་གྲོང་བརྡལ་ཆུང་བར་ཁྱད་ཆོས་དང་གསོན་ཤུགས་ཀྱིས་ཕྱུག་པར་བྱེད་དགོས།

ཁྲི་ཀ་རྫོང་ཁམས་གསོ་ལྟེ་གནས་སུ་མགོན་པོ་བཀྲ་ཤིས་ཀྱིས་འབྲེལ་ཡོད་འགན་ཁུར་མི་སྣས་ལས་བཟོའི་གནས་ཚུལ་དང་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ལས་བཟོའི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས། མགོན་པོ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་དོན། མགོ་རྩོམ་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོས་ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ལ། ཁམས་གསོའི་རྨང་གཞིའི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཞིབ་ཆ་ཅན་དང་སྣ་མང་ཅན། རིམ་པ་མང་བ་བཅས་ཀྱི་མཐོ་སྒང་ཁམས་གསོའི་ཞབས་ཞུ་འདོན་སྤྲོད་བྱས་ནས་རྒན་པ་རྣམས་ལ་སྤུས་ཚད་མཐོ་བའི་འཚོ་བ་རོལ་དུ་འཇོག་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གསལ་བོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་ཇེ་བརྟན། སྲུང་སྐྱོབ་གཉིས་ལེགས་པར་སྒྲུབ་ནས་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ། གནས་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་རྟེན་གཞི་རྒྱ་བསྐྱེད་པར་ཤུགས་རྒྱབ་ནས་རང་རེའི་ཞིང་ཆེན་གྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་མཚོ་ལྷོས་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།