ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཐོ་ཡིས་མཚོ་ལྷོ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། མཉམ་འགོག་མཉམ་འབྲེལ་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ལིའུ་ཐོ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་མེ་འགོག་ས་ཚིགས་སུ་སོང་ནས། ནགས་ཚལ་རྩ་ཐང་གི་མེ་འགོག་འཕྲལ་བསྟུན་དངོས་ཟོག་གསོག་ཉར་དང་སྐོར་ཞིབ་སྐོར་སྲུང་དང་ལས་རེས་ལས་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་པས། ད་ལོར། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་དྲོད་གྲངས་ན་ནིང་གི་དུས་མཉམ་དང་བསྡུར་ན་ཅུང་མཐོ་བ་དང་ཆར་འབབ་ཚད་ཅུང་ཉུང་ལ། རླུང་གཡུག་ཚད་ཇེ་མང་དུ་སོང་བ་དང་། མེ་སྐྱོན་འབྱུང་བའི་རིམ་པ་རྒྱུན་མཐུད་ངང་ཇེ་མཐོར་སོང་། ནམ་ཟླ་ཇེ་དྲོར་སོང་བ་དང་དུར་མཆོད་དུས་ཆེན་ཐོན་ལ་ཉེ་བའི་དུས་སུ། དུས་མཆོད་བྱེད་མཁན་དང་གནས་སྐོར་ལ་འགྲོ་མཁན། དཔྱིད་འདེབས་ཐོན་སྐྱེད་བྱ་འགུལ་ཇེ་མང་དུ་སོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་ཡང་གནད་འགག་དུས་སྐབས་སུ་སླེབས་ལ། འགྲན་རྩོད་ཆེན་པོར་ཐུག་ཡོད་པས། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་གཙོ་བོ་དང་གནད་འགག་ཁུལ་ཁོངས། དུས་མཚམས་གཙོ་བོར་དོ་སྣང་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་བཟང་བོར་བསྒྲུབ་དགོས།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནགས་ཚལ་རྩྭ་ཐང་གི་མེ་འགོག་དེ་མིག་སྔའི་ལས་འགན་གཙོ་བོར་བརྩི་བ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འགོག་སྡོམ་བྱེད་ཐབས་ཇེ་བཟང་དུ་བཏང་ནས། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ། མེ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། སྐོར་ཞིབ་སྲུང་སྐྱོབ་བྱེད་ཤུགས་ཆེར་གཏོང་བ། མེ་སྐྱོན་གནས་ཚུལ་གྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཇེ་དྲག་ཏུ་བཏང་སྟེ། དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ་དང་། ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་བྱེད་པ། མཉམ་འགོག་མཉམ་སྡོམ་གྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱས་ནས། ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།