ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2021ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེངས་མང་པོར་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས། པུའུ་དང་ཞིང་ཆེན་རིམ་པའི་མཉམ་ལས་མཉམ་སྐྲུན་ལ་སྐུལ་འདེད་བྱས་ཤིང་། རིག་གནས་དང་ཡུལ་སྐོར་པུའུ་དང་མཉམ་དུ《མཚོ་སྔོན་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པའི་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི“ལྔ་བཅུ་བཞི”ཡི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད》དང《རྨ་ཆུ་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་བའི་མཚོ་སྔོན་ཞིང་ཆེན་གྱི་ཆེད་དམིགས་འཆར་འགོད》། 《རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་ཞིང་ཆེན)འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འཆར་འགོད》སོགས་ཆེད་དམིགས་འཆར་འགོད9ཚད་གཞི་མཐོན་པོའི་སྒོ་ནས་བཟོས་ཏེ། སྐྱེ་ཁམས་ལ་ཉམས་ལེན་དང་རིག་གནས་ལ་རོལ་མྱོང་བྱེད་ཆོག་པའི་ལས་གཞི་ལེགས་ཤོས་སྐོར་ཞིག་གི་འཆར་གཞི་བཀོད་པ་དང་། མཚོ་སྔོན་དང་བོད་ལྗོངས། མཚོ་སྔོན་དང་སི་ཁྲོན། མཚོ་སྔོན་དང་ཞིན་ཅང་། མཚོ་སྔོན་དང་ཀན་སུའུ་བཅས་ཀྱི་ཡུལ་ཁོངས་སྐྱེ་ཁམས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ་བསྐྲུན།

རེ་སྒུག་བྱེད་རིན་ཡོད་པའི་ཡུལ་སྐོར་ལམ་ཐིག་འདི་དག་ན་ཅི་ཞིག་ཡོད་དམ་ཞེ་ན། “རི་བོ་དང་ཆུ་བོ། ནགས་ཚལ། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་ཀློང”སོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། ཟི་ལིང་དུ་བསྐོར་བའི་སྒེར་འཁོར་ཡུལ་སྐོར་དང་མཚོ་སྔོན་པོར་ཆིབས་བསྐྱོད། མཚོ་ཤར་ནས་དམངས་སྲོལ་ལ་ཉམས་ལེན་བྱེད་པ། རྨ་ལྷོ་ནས་རིག་གནས་ཀྱི་གསང་བ་ལྐོག་གྱུར་འཚོལ་བ། མཚོ་བྱང་ནས་ལྟད་མོ་སྤྲོ་གསེང་ལ་རོལ་བ། མཚོ་ནུབ་ནས་ཁྱད་ལྡན་ཚྭ་མཚོར་བལྟ་བ་སོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་ལེགས་ཤོས་སྐོར་ཞིག་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་ཁུངས་འདེད་པའི་ཡུལ་སྐོར་དང་། ཁུ་ནུ་རི་བོ་དང་མདོ་ལ་རིང་མོ། ཨ་མྱེས་རྨ་ཆེན་གངས་རི་གསུམ་གྱི་ལྐོག་གྱུར་འཚོལ་བའི་ཡུལ་སྐོར། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་གཉིས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལ་ཉམས་ལེན་བྱེད་པའི་ཡུལ་སྐོར་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས་སྐོར་ཞིག་ཡོད་པར་མ་ཟད། ཀྲུང་གོའི་མཛེས་སྡུག་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས་སྐོར་ཞིག་ཡོད་པས། ཡུལ་སྐོར་ལམ་ཐིག་འདི་དག་དང་དེའི་ལྗོངས་ཁུལ་དག་གིས་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་པའི་ཆ་དེ་མཚོན་ཡོད།

མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པའི་མདོ་དབུས་མཐོ་སྒང་དུ་གནས་ཡོད། “གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་ལྕོག”གི་མཚན་སྙན་ལྡན། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་ཞིག་ཡིན། རི་རབ་དང་ཆུ་མགོ། གཞན་ཡུལ། དག་ཞིང་སོགས་ཀྱི་ཁྱད་ཆོས་མང་པོ་དེའི་སྟེང་དུ་འདུས་ཡོད། འདི་དག་ནི་རང་ཞིང་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་དང་ཐོན་ཁུངས་ཡིན་པར་མ་ཟད། རང་ཞིང་གི་སྐྱེ་ཁམས་ཡུལ་སྐོར་བྱ་གཞག་གི་སྤུས་ཀ་མཐོན་པོ་སྐྲུན་བྱེད་ཀྱང་ཡིན།

མིག་སྔར། རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་དང་མཛེས་ལྗོངས་གྲགས་ཅན་ཁུལ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་བདེ་བླག་གིས་གསར་གཏོད་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་ལེགས་ཤོས200འོས་སྦྱོར་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་གོམ་པ་བརྟན་པོ་སྤོས།

ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱིས་མཚོ་སྔོན་དེ་གཞན་དང་མི་འདྲ་བ་ཞིག་ཏུ་འགྱུར་དུ་བཅུག་ཡོད། རི་ཁུལ་དང་ནགས་ཚལ། བརླན་ས་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། ཡུལ་ཁོངས་རིག་གནས་ཀྱི་ལེགས་ཆ་བཅས་ཀྱིས་མཚོ་སྔོན་པོ་དང་ཨ་མྱེས་སྟོང་སོ་སོགས་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་ཡིབ་ཤུགས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་སྐོར་ཞིག་བསྐྲུན་ཡོད། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཁྲོད་ནས་སྲུང་སྐྱོབ་དང་སྲུང་སྐྱོབ་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོར་སྲུང་བ། ཅུང་ལེགས་པའི་སྐྱེ་ཁམས་ཀྱིས་ཡུལ་སྐོར་གྱི་རྒྱུ་སྤུས་བསྐྲུན་པ་བཅས་ཀྱི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།