ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་གནད་འགག་ལག་རྩལ་གྱི་ཐོལ་བརྒལ་གསར་པ་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་ཁང་གིས་འགན་འཁུར་བའི་རང་རེའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན“ཆེད་ལས་རྣམ་པའི་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་གནད་འགག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་དང་དཔེ་སྟོན”རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་རྒྱལ་ནང་དུ་ས་བོན་གསོ་བའི་ཁྲོད་ཞོག་ཁོག་ཆེད་སྤྱོད་རིགས་ཀྱི་སྣ་ཁ་མེད་པའི་སྟོང་ཆ་གསབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོན་ཁྲ་ཅན་གྱི་ཞོག་ཁོག་འདེབས་གསོ་མགོ་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞོག་ཁོག་འདེབས་འཛུགས་ཀྱི་གནོད་འཚེ་ལ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་བརྟག་དཔྱད་ཐེངས་དང་པོ་བྱས་པ་མ་ཟད་འགོག་བཅོས་ཀྱི་བྱེད་ཐབས་ཀྱང་བཏོན།

དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་ཞོག་ཁོག་འདེབས་འཛུགས་ལ་ཡོང་འབབ་མཐོ་བ་དང་ནད་འགོག་གཙོ་བོར་བྱེད་པར་དམིགས་ནས། ཆེད་སྤྱོད་ཀྱི་སྣ་ཁ་མི་འདང་བས་ཞོག་ཁོག་གི་སྣ་ཁ་མང་བའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་གི་ནུབ་ཕྱོགས་སུ་གནས་ཤིང་། ས་བབ་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་བ། ཉི་འོད་ཕོག་ཚད་ཆེ་བ་བཅས་ཀྱི་ཉིན་མཚན་གཉིས་ཀྱི་དྲོད་ཚད་ལ་ཧེ་བག་ཆེ་བས་སྤུས་ལེགས་ཚོང་ཟོག་གི་ཞོག་ཁོག་དང་ཞོག་ཁོག་འདེབས་པའི་རང་བྱུང་ཁྱིམ་གཞིས་ཤིག་ཡིན་མོད། འོན་ཀྱང90%ཡན་གྱི་ཞོག་ཁོག་འདེབས་གསོ་བྱས་ཏེ་ཐད་ཀར་འཚོང་བར་ཟུར་སྣོན་རིན་ཐང་དམའ་བ་ཞིག་རེད། རྣམ་གྲངས་དེ་མཚོ་སྔོན་གྱི་དེང་རབས་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་རང་བཞིན་དང་མཉམ་འདྲེས་རང་བཞིན། མ་ལག་རང་བཞིན་བཅས་དང་དེ་བཞིན་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཇུས་འགོད་བྱེད་པར་གཞོལ་བ་དང་ཆེད་སྤྱོད་རྣམ་པའི་ཞོག་ཁོག་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་རྣམ་པ་དང་ཁེ་ལས་ཀྱི་དཔེ་སྟོན་བཙུགས་ཏེ་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་བ་རེད།

རྣམ་གྲངས་དེ2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བྱས་པ་དང། 2021ལོའི་ཟླ12པའི་ཚེས31ཉིན་ནས་མཇུག་བསྒྲིལ། ལོ་གསུམ་རིང་འགག་སྒྲོལ་གྱི་དཀའ་གནད་སེལ་བ་བརྒྱུད། རྣམ་གྲངས་ཞིབ་འཇུག་གསར་སྤེལ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་ཞོག་ཁོག་གི་ས་དོང་ནང་གི་དུག་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་བྱས་ཏེ། ས་དོང་ནང་གི་ནད་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱས་པ་དང་། འབུ་ཕྲ་འགོག་པའི་ནུས་པ་ཆེན་པོ་ལྡན་པའི་འབུ་ཕྲ་ཆུང་ངུ་འདེམས་སྒྲུག་བྱས་ནས་ཞོག་ཁོག་ལ་ས་དོང་གི་གནོད་སྐྱོན་སྐྱེ་དངོས་འགོག་བཅོས་བྱེད་པར་ཐབས་ལམ་གསར་པ་མཁོ་འདོན་བྱས། ཞོག་ཁོག་གི་འཕྲུལ་ཆས་སྒྲུག་པ་དང་། ཞོག་ཁོག་མཉམ་དུ་བསྡུ་བའི་འཕྲུལ་ཆས། ཞོག་ཁོག་སློག་སྒྱུར་འཕྲུལ་ཆས་བཅས་ཞིབ་འཇུག་གསར་སྤེལ་བྱས་པས། ཞོག་ཁོག་འདེབས་པ་དང་བསྡུ་བ། ཉར་བ། བརྒྱུད་འདྲེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་བསྒྱུར། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཞོག་ཁོག་ཚོང་ཟོག་ཞོག་ཁོག་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལག་རྩལ་ཆ་ཚང་ཞིག་ཕྱོགས་བསྡུས་བྱས་པས། ཞོག་ཁོག་ཐོན་སྐྱེད་ཀྱི་མ་འཇོག་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་བྱས་ཡོད།

རྣམ་གྲངས་ཐད་ད་དུང་གསར་གཏོད་མང་པོ་བྱས་ཏེ་མཚོ་སྔོན་གྱི་ཞོག་ཁོག་ཨང9པ་དང་། ཞོག་ཁོག་བསྲེགས་མ། སིང་ཕྱེ་བཅས་གསར་སྤེལ་བྱས་པ་མ་ཟད། གཞི་ཁྱོན་ལྡན་པའི་ཐོན་སྐྱེད་བྱས་པས། ཚན་ཞིབ་གྲུབ་འབྲས་དུས་ཡུན་ཐུང་ངུའི་ནང་གཞན་སྒྱུར་བྱེད་པའི་བེད་སྤྱོད་མངོན་འགྱུར་བྱུང་བ་དང་། མཚོ་སྔོན་གྱི་ཞོག་ཁོག་ཨང9པ་འཁྱགས་སུ་འཇུག་པའི་ཞོག་ཁོག་ཐོན་སྐྱེད་ལེགས་འགྲུབ་བྱུང་བ་དང་། རྒྱལ་ནང་གི་ཞོག་ཁོག་ལ་ཞོག་ཁོག་ཆེད་སྤྱོད་རིགས་རྒྱུད་མེད་པའི་སྟོང་ཆ་བསྐངས་ཤིང་། རྒྱལ་ནང་གི་ཞོག་ཁོག་ཐོན་རྫས་ལས་སྣོན་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཚོན་ཁྲ་ཅན་གྱི་ཞོག་ཁོག་ཐོན་དངོས་གསར་པ་སྐྱེད་སྲིང་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ཚོན་ཁྲ་ཅན་གྱི་ཞོག་ཁོག་འདེབས་གསོའི་སྟོང་ཆ་བསྐངས་པ་དང་ཆབས་ཅིག ཚོན་ཁྲ་ཅན་གྱི་ཐོན་རྫས་གསར་པར་བརྟེན་ནས་ངོ་མཚར་ཆེ་བའི་ཞོག་ཁོག་གི་ཚོས་གཞི་དང་། ཞོག་ཁོག ཚོན་ཁྲ་ཅན་གྱི་ཞོག་ཁོག་བཅས་ཀྱི་ཐོན་རྫས་གསར་པ་གསར་སྤེལ་བྱས་ནས། ཞོག་ཁོག་གི་ཐོན་རྫས་སྣ་མང་ཅན་གསར་སྤེལ་བེད་སྤྱོད་ལ་དངོས་པོའི་འགན་ལེན་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། རྣམ་གྲངས་ལག་བསྟར་བྱེད་སྐབས་ཞིབ་འཇུག་ཚོགས་པའི་ཁོངས་མིར“མཚོ་སྔོན་གྱི་མཁས་དབང”གྱི་མཚན་སྙན1ཐོབ་པ་ལ། “མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཚན་རིག་དང་བཟོ་སྐྲུན་ལག་རྩལ་རིག་ཚན་གྱི་སྣེ་ཁྲིད་པ”ཁག་བཅུ་བཞི་པའི་ནང་མི1དང་། “ཁུ་ནུའི་མཛངས་མི་དང་རྩེར་སོན་གྱི་གསར་གཏོད་ལས་འབྱེད་ཤེས་ལྡན་མི་སྣ”1བཅས་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།