ཀྲུང་གོ་བོད་ཀྱི་དྲ་བ།

ཏ་ཐུང་རྫོང་སྤྱི་བདེ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི“གློག་རྡུལ་ཐ་མག་གི”གྱོད་གཞི་ཐོག་མ་རྩད་ཆོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཟི་ལིང་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་དང་མཉམ་འབྲེལ་བྱས་ཏེ“གློག་རྡུལ་ཐ་མག”གི་གྱོད་གཞི་ཞིག་རྩད་ཆོད་པ་དང་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས། གྱོད་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི“གློག་རྡུལ་ཐ་མག”གི་གྱོད་གཞི་ཐོག་མ་ཡིན་ལ། རྡོ་ཐ་ཆེད་ཚོང་ཅུའུ་དང་སྤྱི་བདེ་བར་གཞོགས་འདེགས་བྱས་པའི་དཔེ་མཚོན་གྱོད་གཞི་ཞིག་ཀྱང་རེད།

2021ལོའི་ཟླ10བའི་ནང་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཁོངས་གཏོགས་ཁུལ་གྱི་མཱ་ཆེ་གེ་མོ་སོགས་ཀྱིས་“འདྲེས་སྦྱོར་སོ་མ་ར་ཙ”ཞེས་པའི་གློག་རྡུལ་དུ་བ་འཚོང་འགྲེམས་དང་གློག་རྡུལ་དུ་བ་འཐེན་པའི་དོགས་ཡོད་ཁུངས་སྣེ་རྩད་ཆོད་པ་དང་། དུས་ཐོག་ཏུ་ཏ་ཐུང་རྫོང་སྤྱི་བདེ་ཅུའུ་དུག་འགོག་རུ་ཆེན་དང་ཆེད་དོན་གྱོད་དོན་ཚན་ཆུང་བཙུགས་པ་དང་ཁུངས་སྣེ་དེར་མྱུལ་ཞིབ་གཏིང་ཟབ་བྱས་མཐར། དོགས་གཞི་ཆེ་བའི་ཉེས་ཅན་མཱ་ག་གེ་མོ་ཡིས་སྐད་འཕྲིན་བརྒྱུད་ནས“འདྲེས་སྦྱོར་སོ་མ་ར་ཙ”(དུག་རྫས)ཐེངས་མང་པོར་བཙོངས་ནས་ཁེ་བཟང་ཟ་བའི་དོན་དངོས་གནས་ཚུལ་དང་བདེན་དཔང་རྙེད་པས། ཉེ་ལམ་འཛིན་བཟུང་བྱེད་པའི་བྱ་འགུལ་སྤེལ་བ་དང་། དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་པ་དང་ཡུལ་དངོས་སུ་མཉམ་བསྲེས་བྱས་པའི་སོ་མ་ར་ཙ་ཁེ131.46ཞིབ་བཤེར་རྩད་ཆོད་བྱུང་བ་དང་ལག་ཡོད་ཚོང་ཟོག་གི་རིན་གོང་སྒོར་ཁྲི10ཙམ་གཞུང་བཞེས་བྱས། མིག་སྔར་གྱོད་གཞི་མྱུལ་ཞིབ་བྱེད་བཞིན་པའི་སྒང་རེད།  ཉེན་རྟོག་པས་དྲན་སྐུལ་བྱས་དོན། “་གློག་རྡུལ་ཐ་མག”ནི་སོ་མ་ར་ཙ་སོགས་བཀག་སྡོམ་ལས་འགལ་བའི་གློག་རྡུལ་ཐ་མག་ཡིན་པ་དང་། “གློག་རྡུལ་ཐ་མག་”གི་ཕྱིའི་རྣམ་པ་དེ་གློག་རྡུལ་ཐ་མག་དཀྱུས་མ་དང་འདྲ་མཚུངས་ཡིན་ནའང་། ཐ་མག་གི་ཁྲོད་དུ"འདྲེས་སྦྱོར་སོ་མ་ར་ཙ”བསྣན་པར་དོན་དངོས་སྟེང་དུག་རྫས་གསར་པ་ཞིག་རེད། དུག་འཐེན་རྗེས་བསམ་དབང་དྲན་དབང་མེད་པར་དུག་འགོས་ཕོག་པ་དང་ཚད་ལས་བརྒལ་ནས་འཐེན་ཚེ་དྲན་པ་ཉམས་པ་དང་།དབུགས་འགག་པ། གློ་བུར་དུ་འཆི་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས་གནོད་འཚེ་ཧ་ཅང་ཆེན་པོ་ཡོད་པས། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་དུག་རྫས་ལག་བསྟར་བྱེད་པའི་དོ་དམ་ཚོད་འཛིན་ནང་བཞག་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས“གློག་རྡུལ་ཐ་མག”ཕྱིར་འཚོང་དང་གློག་རྡུལ་ཐ་མག་འཐེན་པའི་བྱ་སྤྱོད་མཐོང་ཚེ། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་སམ་རྡོ་ཐ་ཆེད་འཚོང་དོ་དམ་སྡེ་ཁག་ལ་ཐེར་འདོན་ཡར་ཞུ་བྱས་ཆོག   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།