ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་གྱི་ལྟ་སྐུལ་ཚན་ཆུང་བཅུ་གསུམ་པ་མཚོ་སྔོན་དུ་ཡོང་ནས་བྱ་བར་ལྟ་སྐུལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ12པའི་ཚེས28ཉིན་ནས2022ལོའི་ཟླ1པོའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་གྱི་ལྟ་སྐུལ་ཚན་ཆུང་བཅུ་གསུམ་པ་རང་ཞིང་དུ་ཡོང་ནས2022ལོའི་ལོ་གསར་དང་། སོ་ནམ་ལོ་གསར་སྐབས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བར་ཕྱོགས་བསྡུས་ལྟ་སྐུལ་བྱས་ཤིང་། ཇུས་ཆོད་བཀོད་སྒྲིག་ཁག་སོ་སོ་དངོས་འབེབས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ས་གནས་སོ་སོས་རྩ་འཛུགས་མགོ་ཁྲིད་ཇེ་དྲག་ཏུ་གཏོང་བ་དང“ཕྱོགས་བཞིའི་འགན་འཁྲི”ནན་མོར་འཛིན་པར་ལྟ་སྐུལ་བྱས་ནས་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་སྲིད་ཇུས་ཁག་སོ་སོ་དངོས་འབེབས་ཕན་འབྲས་ཐོན་པ་དང་། རིམས་ནད་འགོག་སྡོམ་གྱི་ཆུ་ཚད་སྔར་བས་མཐོར་འདེགས་པ། རིམས་ནད་འགོག་རགས་སྔར་བས་ཇེ་བརྟན་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་རྣམས་བདེ་ཐང་བདེ་འཇགས་ཀྱི་དུས་སྟོན་ཞིག་རོལ་བར་ཁག་ཐེག་བྱེད་པར་སྐུལ་འདེད་བྱས། 

མཚོ་སྔོན་དུ་སྡོད་པའི་རིང་ལ། ལྟ་སྐུལ་ཚན་ཆུང་གིས་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་ལ་དམ་པོར་དམིགས་པ་དང་། གོ་རིམ་གཙོ་བོའི་འགོག་སྡོམ་བྱེད་ཐབས་དངོས་འབེབས། གནད་དོན་བཅོས་སྒྲིག་དངོས་འབེབས་གནས་ཚུལ་བཅས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་བྱས། ལྟ་སྐུལ་ཚན་ཆུང་ཟི་ལིང་གྲོང་ཁྱེར་གྱི་རྫོང་ཆུས་སོ་སོ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར་སོགས་སུ་བསྐྱོད་དེ། རྒྱུན་རྣམ་ཅན་གྱི་རིམས་ནད་བཀོད་འདོམས་མ་ལག་འཛུགས་སྐྲུན་དང་། གཙོ་གནད་འདུ་གནས་ཀྱི་རིམས་ནད་འགོག་སྡོམ། གཅིག་བསྡུས་ལོགས་བཀར་བཀོད་སྒྲིག་དོ་དམ། སྨན་བཅོས་ལས་ཁུངས་ཀྱི་སྔོན་བརྟག་དབྱེ་བཅོས། ཚ་རྒྱས་ནད་པ་སྐོར་སྐྱེལ། སྨན་བཅོས་གད་སྙིགས་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ཤིང་། འབྲེལ་ཡོད་ལས་དོན་འགན་ཁུར་པ་དང་གླེང་མོལ་ཟབ་མོ་བྱས་པ། ཡུལ་དངོས་ནས་ཁ་གཏད་རང་བཞིན་གྱི་བསམ་འཆར་གྲོས་གཞི་བཏོན་པར་མ་ཟད། ཡུལ་དངོས་ནས་སྐོར་འདྲེན་རླངས་འཁོར་ལ་ཁ་པར་བཏང་ནས་ནམ་སླེབས་པར་བལྟས་པ་དང་། རླངས་འཁོར་ཁ་ལོ་པ་དང་རྗེས་འདེད་སྨན་བཅོས་མི་སྣ་ལ་སྐོར་སྐྱེལ་གོ་རིམ་དང་ཐག་གཅོད་གནས་ཚུལ་སོགས་ཀྱི་ཐད་ནས་འདྲི་རྟོག་བྱས། 

ཞིང་ཆེན་བཀོད་འདོམས་པུའུ་ཡིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཚན་རིག་དང་མཐུན་པར་ཞིབ་འཇུག་བསྡུར་གཅོད་གནས་ཚུལ་འགྱུར་ལྡོག་གསར་པའི་བླང་བྱ་ལྟར། རིམས་ནད་འཕེལ་འགྱུར་གྱི་གནས་ཚུལ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱ་བའི་ཁྱད་ཆོས་གསར་པ་བྱུང་བ་གཞིར་བཟུང་སྟེ། དུས་ལྟར་ཁ་གཏད་རང་བཞིན་གྱིས་ཐག་གཅོད་བྱེད་ཐབས་སྙོམ་སྒྲིག་འཐུས་ཚང་དུ་བཏང་ནས་ཞན་ཆར་ཁ་གསབ་བྱེད་པ་དམ་པོར་འཛིན་དགོས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་པ་དང་། ཐེངས་འདིའི་ལྟ་སྐུལ་བྱ་བའི་ཆབ་སྲིད་རང་བཞིན་དང་དབང་ཟིལ་རང་བཞིན། གཟབ་ནན་རང་བཞིན། དགོས་ངེས་རང་བཞིན་ངོས་འཛིན་ཟབ་མོ་བྱེད་པ་དང་། ཚད་མཐོ་བའི་ཆབ་སྲིད་དང་བསམ་བློ། འགུལ་སྐྱོད་བཅས་ཀྱི་རང་རྟོགས་ལ་བརྟེན་ནས། ལྟ་སྐུལ་ཚན་ཆུང་གི་ལྡོག་ལན་བསམ་འཆར་གནད་དོན་བཅོས་སྒྲིག་ངེས་པ་དོན་གྱིས་ཚད་དང་ལྡན་པར་བྱེད་པ། རིམས་ནད་འགོག་སྡོམ་བྱ་བའི་རྨང་གཞི་སྔར་ལས་བརྟན་པོར་བཟོ་བ། “དུས་ཆེན་གཉིས”སྐབས་ཀྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ངེས་པ་དོན་གྱིས་དངོས་འབེབས་བྱས་ཏེ། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་ལྡོག་འཕར་བྱུང་བའི་ཉེན་ཁ་ཆུང་ཤོས་ལ་བརྩོན་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་ཚུལ་མུ་མཐུད་དུ་བརྟན་ལྷིང་ཡིན་པ་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།