ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ཇེ་ལེགས་སུ་ཕྱིན་ནས་རྩ་ཆེའི་རི་སྐྱེས་སྲོག་ཆགས་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཚེས23ཉིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2022ལོར་མདོ་ལ་རི་ཁུལ་དང་འབྲེལ་བའི་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར5དང་རྫོང11(ཆུས)གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལེགས་ཤིང་། དེའི་ཁྲོད་ལེགས་པའི་ཉིན་གྲངས་བསྡུར་ཚད87.8%དང་། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུའི་བཅད་ཁ16ལ་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ལེགས་པའི་བསྡུར་ཚད100%ཟིན་ནས། ཆུའི་སྤུས་ཚད་ཚང་མརིམ་པⅡཡན་སླེབས་ཤིང་། ས་རྒྱུ་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། སྒྲའི་ཁོར་ཡུག་སྤུས་ཚད་ཚང་མ་ཚད་གཞིར་སླེབས་ཡོད།

ཀན་སུའུ་དང་མཚོ་སྔོན་ས་མཚམས་སུ་གནས་པའི་མདོ་ལ་རི་བོ་ནི་ཆུ་རྒྱུད་གསུམ་དང་སྐམ་སའི་དབུས་ཁུལ་གྱི་ཆུ་བོ56གི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཆུ་འདུས་ས་གཙོ་བོ་ཡིན་པས། ཀྲུང་གོའི་ནུབ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཕྱོགས་ནས་རྒྱལ་ཕམ་ལ་ཐུག་པ་དང་ཚབ་བྱེད་མི་ཐུབ་པའི་གོ་གནས་ལྡན་པས་ནུབ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གཙོ་བོ་ཡིན།

2017ལོ་ནས་བཟུང་། ཀན་སུའུ་ཡིས་རྒྱུན་མཐུད་ངང་མདོ་ལ་རི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་ཞོར་དུ་ཕྱོགས་གསུམ་པའི་དཔྱད་དཔོག་ལས་ཁུངས་ལ་མངག་བཅོལ་བྱས་པ་བརྒྱུད། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གནས་ཚུལ་ལ་དཔྱད་དཔོག་བྱས། མཇུག་འབྲས་ལས་མངོན་པ་ལྟར་ན། ལོ་འགའི་རིང་གི་ལེགས་བཅོས་བྱས་པ་བརྒྱུད་དེ་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ལེགས་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་ལ། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩྭ་ཐང་གི་རྒྱ་ཁྱོན་མངོན་གསལ་གྱིས་འཕར་སྣོན་བྱུང་ནས། སྔོ་ཁེབས་སྐྱེས་ཚུལ་ཇེ་ལེགས་སུ་ཕྱིན་ནས་མངོན་གསལ་ལེགས་བཅོས་ཁྱབ་ཁོངས་ཀྱིས་སྲུང་སྐྱོང་ཁུལ་སྤྱིའི་རྒྱ་ཁྱོན་བསྡུར་ཚད་ཀྱི37.5%ཟིན།

གཞུང་ཕྱོགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མདོ་ལ་རི་ཁུག་གྱི་སྔོ་ཁེབས་སྟོན་གྲངས་དང་། སྔོ་ཁེབས་ཁྱབ་ཚད། སྔོ་ཁེབས་ཐོན་སྐྱེད་ཤུགས་མངོན་གསལ་གྱིས་འཕར་སྣོན་བྱུང་ནས། སྔོ་ཁེབས་སྟོན་གྲངས10.88%དང་། སྔོ་ཁེབས་ཁྱབ་ཚད7.81% ། སྔོ་ཁེབས་ཐོན་སྐྱེད་འཕར་ཚད14.8%སླེབས་ཤིང་། ས་ངོས་ཆུ་དང་བཏུང་ཆུའི་ཆུ་ཁུངས་ཆུའི་སྤུས་ཚད་ལེགས་པའི་ཚད་ལ་སླེབས་པ་དང་། མཁའ་དབུགས་སྤུས་ཚད་ལེགས་ཚད་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ནས། ས་རྒྱུ་ཁོར་ཡུག་སྤུས་ཚད་སྤྱི་ཆ་ནས་ལེགས་ཤིང་རྒྱལ་ཁབ་ཀྱི་ཚོད་འཛིན་བྱེད་ཚད་སླེབས་ཡོད།

ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ངོ་སྤྲོད་ལྟར་ན། ལོ་འགའི་རིང་གི་ཧུར་ཐག་བརྒྱུད་དེ་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་ཀན་སུའུ་ཡི་རིམ་པ་སོ་སོའི་སྲིད་གཞུང་དང་སྤྱི་དམངས་ཁྲོད་ཐུན་མོང་གི་འདུ་ཤེས་ཆགས་ཡོད་ལ། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་འགལ་སྲོལ་འགལ་བྱ་སྤྱོད་ལ་ཕན་ནུས་ལྡན་པའི་བཀག་འགོག་ཐེབས་ནས། རང་བྱུང་སྲུང་སྐྱོང་ཁུལ་དུ་མི་བཟོས་ཤུགས་རྐྱེན་ཉུང་དུ་ཕྱིན་པས་སྲོག་ཆགས་རིགས་རིམ་བཞིན་མང་དུ་ཕྱིན་ནས། ལོ་མང་པོར་མཐོང་དཀའ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་སྲོག་ཆགས་སྐབས་རེར་མངོན་ཞིང་། སྐྱེ་ཁམས་ཉམས་གསོ་ལེགས་བཅོས་ཁུལ་དུ་རྩྭ་རྩི་ཤིང་སྟུག་ཅིང་ངལ་གསོ་ཉམས་གསོའི་རྣམ་པ་བཟང་པོ་ཆགས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།