ཀྲུང་གོ་བོད་ཀྱི་དྲ་བ།

དུས་བྱ་ཀན་ལྷོའི་མཚོ་ཉིན་དུ་གནས་སྤར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཁོངས་སུ་ཡོད་པའི་མཚོ་ཉིན་འདམ་ར་ནི་ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། མཚོ་བོད་མཐོ་སྒང་ཤར་སྣེའི་ཆེས་ཆེ་བའི་མཐོ་སྒང་གི་འདམ་ར་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ཁུལ་གཙོ་བོ་ཀྱང་ཡིན། ཕུན་སུམ་ཚོགས་པའི་འདམ་ར་དང་ནགས་ཚལ། རྩྭ་ཐང་ཐོན་ཁོངས་སོགས་ལ་བརྟེན་ནས་གནས་དེ་འདབ་ཆགས་ཀྱི་ཞིང་ཁམས་སུ་གྱུར་བ་དང་། ཟླ་བཞི་བའི་ཟླ་དཀྱིལ་དུ་མཚོ་ཉིན་གྱི་མཚོ་དར་ལྷུང་སྟེ་ཆུ་བྱ་མང་པོ་ཞིག་གནས་དེར་འཕུར་ནས་ཡོང་།

ཉིན་འགའི་སྔོན་དུ་མཚོ་དར་ལྷུང་བའི་མཚོ་ཉིན་ངོགས་སུ་ཆུ་བྱ་ངང་སེར་དང་བྱ་གག་ལྗང་ཁུ། ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་ཁྱུ་ཚོགས་འཕུར་ཞིང་ཁ་ཟས་འཚོལ་བཞིན་ཡོད་པ་དང་། རྩེད་འཇོར་རོལ་ཞིང་ལྡིང་འཁོར་རྒྱག་བཞིན་ཡོད། 

ལོ་སྔོན་མའི་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལྟར་ན། ཟླ་ལྔ་བར་མཚོ་ཉིན་གྱི་ཁྲུང་ཁྲུང་སྐེ་ནག་བསྡོམས་པས80ལྷག་ཏུ་སླེབས་ནས། ཟླ་བདུན་པ་དང་བརྒྱད་པར་དུས་བྱ་ཆེས་མང་བའི་དུས་ལ་སླེབས་ཏེ་ཕལ་ཆེར་ཁྲི3ཙམ་ཡོད།

ཤུགས་ཆེན་པོས་མཚོ་ཉིན་འདམ་རར་མ་དངུལ་བཏང་ཞིང་སྲུང་སྐྱོང་གང་ལེགས་བྱས་པ་བརྒྱུད། དེའི་སྐྱེ་ཁམས་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཏེ་འདམ་རའི་རྒྱ་ཁྱོན་མུ་མཐུད་དུ་སླར་གསོ་བྱུང་བ་དང་། ཉེ་བའི་ལོ་གཉིས་རིང་ལ་མཚོ་ཉིན་དུ་རྒྱུད་སྤེལ་བར་ཡོང་བའི་དབྱར་ཁའི་དུས་བྱའི་རིགས་ཀྱང86ཟིན་ཡོད།

ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་ཁུལ་གྱིས་འདམ་རའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་ལས་གཞི་དང་འདམ་རའི་སྲུང་སྐྱོང་དང་སླར་གསོ་ལས་གཞི་ལག་བསྟར་བྱས་པ་མ་ཟད། ཕྱུགས་རྩྭ་འདེབས་འཛུགས་དང་། ཨ་བྲའི་གནོད་འཚེ་འགོག་བཅོས། གནམ་གྲུ་ཡིས་རྩྭ་ཐང་གི་འབུ་འགོག་བཅོས་བྱེད་པ། འབྲོག་པ་མང་ཚོགས་ལ་རྩྭ་བཀག་དངུལ་སྟེར་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ། ས་ཁོངས་དུས་བྱའི་ཁོར་ཡུག་ཇེ་ལེགས་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ནས་ཡོང་འབབ་ཀྱང་མངོན་གསལ་དོད་པོས་འཕར་སྣོན་བྱུང་། མཚོ་ཉིན་གྱི་འདབ་ཆགས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཁྲུང་ཁྲུང་སྐེ་ནག་དེ་སྔོན་ཆད30ཙམ་མ་གཏོགས་མེད་པ་ནས་ད་ལྟ80ལྷག་ལ་སླེབས། ཆུ་བྱ་ནག་པོའི་གྲངས་ཀ་བརྟན་ལྷིང་ངང150རྒྱུན་འཁྱོངས་བྱས་པ་དང་། མཚོ་ཉིན་ངོགས་ཀྱི་རྒྱ་ཁྱོན་སྔོན་ཆད་ཀྱི་སྤྱི་ཆིང500ནས་ད་ལྟའི་སྤྱི་ཆིང2700ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།