ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་ཀྱི་ཡུལ་ལྗོངས་མཛེས། སྡེ་མི་ཡི་འཚོ་བ་སྐྱིད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2020-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར་སྤེ་ཆུང་སྡེ་བས་བསྡོམས་པས་མ་དངུལ་སྒོར་ཁྲི 766བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས། 2020ལོར་སྤེ་ཆུང་སྡེ་བ་སླར་ཡང་ཁུལ་ཡོངས་ཀྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གཞིའི་རིག་གནས་ཡུལ་སྐོར་ཆེད་ལས་སྡེ་བར་བཅུག དམངས་སྲོལ་དང་ཡུལ་སྲོལ་གོམས་གཤིས་གཙོ་བོ་བྱས་ཏེ་སྡེ་བའི་ནང་གི་རྨང་གཞིའི་སྒྲིག་བཀོད་སླར་ཡང་སྒྱུར་བཀོད་རིམ་སྤོར་བྱས་ཤིང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང 32སོ་ཕག་ལས་གྲུབ་པའི“བོད་བཟོའི་ཁང་བ་ཆུང་ངུའི”ནང་དུ་བསྡད། ད་ལྟ་སྤེ་ཆུང་སྡེ་བའི་རྣམ་པ་གཙང་མར་གྱུར་ལ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ནས་བསྟོད་པའི་མཐེ་བོང་བསྒྲེངས་ཀྱིན“ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱིས་ང་ཚོ་ཡུལ་སྐོར་ལམ་དང་། སྐྱེ་ཁམས་ལམ། ཕྱུག་འགྱུར་ལམ་དུ་ཁྲིད་ཡོད”ཅེས་བཤད།

སྡེ་འདབས་ཀྱི་མ་ཎི་ཁང་ན་སྐོར་བ་རྒྱག་བཞིན་པའི་ཨོ་རྒྱན་འཚོས་སྡེ་ནང་གི་རྒན་རྒོན་ཚོ་དང་བག་ཕེབས་ངང་ཁ་བརྡ་བྱེད་བཞིན་འདུག

“ད་ལྟ་སྡེ་བ་ཧ་ཅང་ཡག་པོ་འདུག ང་ཡང་སྐབས་རེ་རྫོང་ཐོག་ཏུ་ཚ་བོར་ལྟ་བར་འགྲོ་གི་ཡོད། ཡིན་ཡང་རང་སྡེ་བའི་ནང་ནས་འདུག་རྒྱུར་ཧ་ཅང་དགའ།”

སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་རིག་གནས་ཡུལ་སྐོར་ཆེད་ལས་སྡེ་བའི་འཛུགས་སྐྲུན་གྱིས་སྤེ་ཆུང་སྡེ་བའི་རྣམ་པ་དང་སྒོ་རའི་ཁོར་ཡུག་མཛེས་བཟོ་ལ་ནུས་པ་ཆེན་པོ་ཐོན་ཡོད། སྲོལ་རྒྱུན་གྱི་བོད་བཟོའི་སྡོད་ཁང་གི་རྨང་གཞིའི་ཐོག མང་ཚོགས་མགྲོན་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལྟར། “བཅོས་སྒྱུར་བདུན”གྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་རའི་མཛེས་ལྗོངས་ལྟ་ན་སྡུག་པ་དང་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་གཅིག་ལ་རྣམ་པ་གཅིག་དང་ཁྱིམ་ཚང་གཅིག་ལ་ཡུལ་ལྗོངས་གཅིག་ཡོད་པར་གྱུར་ཡོད།

ཨོ་རྒྱན་འཚོའི་བཟའ་ཟླ་ཨ་པན་ནི་གློག་ཤུགས་ཀུང་སིའི་ངལ་གསོ་ལས་བཟོ་བ་ཞིག་ཡིན། ན་ནིང་། སྐྱེ་ཁམས་རིག་གནས་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ཁྲོད་ཨ་པན་གྱིས་རང་ཉིད་ཀྱི་ཁང་བ་རྙིང་བ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་ཁང་བའི་ནང་བོད་བཟོའི་མཛེས་བཟོའི་རྣམ་པ་གསར་བར་བཏང་བ་དང་གཙང་སྤྱོད་ཁང་ནང་གི་ཆུ་གློག་སྣ་འདུས་སུ་བཏང་།

སྔོན་ཆད་ནས་འདེབས་འཛུགས་དང་ཕྱུགས་འཚོ་སྐྱོང་བྱ་རྒྱུ་ནི་སྤེ་ཆུང་སྡེ་བའི་ཐོན་ལས་གཙོ་བོ་ཡིན་ལ། འཚོ་བའི་ཆ་རྐྱེན་ཞན་པ་དང་མི་ཕྱུགས་དང་བུད་ཤིང་མི་དབྱེ་བ། སྡེ་བའི་ནང་གི་ཁོར་ཡུག་བལྟོས་བཅས་ཀྱིས་ཅུང་ཞན། ཉེ་བའི་ལོ་ཤས་རིང་། སྡེ་བའི་ཏང་ཀྲི་པུའུ་ཡིས“ལྗང་མདོག་འཕེལ་རྒྱས”ལམ་དུ་སྐྱོད་པ་དང“ཁོར་ཡུག་གསར་བརྗེ”ཡི་རིམ་སྤར་པར་གཞི་བསྐྲུན་ནས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་རིག་གནས་ཀྱི་འབྱོར་འབྲིང་སྡེ་བ་དང་རིག་གནས་ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་བྱས་ཏེ་ཏང་ཡོན་མི་སྣ་རྩ་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲ་དང་། འོས་འགན་ངལ་རྩོལ། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཁང་བ་བཟོ་རོགས་སོགས་བྱས་ནས། མང་ཚོགས་ཀྱི་ལོ་ངོ་སྟོང་ཕྲག་མང་བོའི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་ནས་སེམས་ཤུགས་ཆེ་རུ་ཕྱིན།

དུས་མཚུངས་སུ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་འགུལ་ཧུར་ཐག་ཏུ་སྤེལ་ཏེ། དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་རྒན་རྒོན་ལ་གཙང་སྦྲ་བྱེད་པ། ཁང་བ་ལེགས་སྒྲིག དངོས་ཡོད་དཀའ་ངལ་སེལ་རོགས་བྱས་ནས། མང་ཚོགས་ལ་ཁྲིད་སྟོན་དང་། མང་ཚོགས་ལ་ཞབས་ཞུ། རིག་གནས་ལ་བརྟེན་ནས་མི་སྒྱུར་བ་སོགས་ཀྱི་ཐད་ཕན་འབྲས་ཧ་ཅང་ཡག་པོ་ཐོབ།

མིག་སྔར། སྤེ་ཆུང་སྡེ་བས་མཛེས་ལྗོངས་ཁུལ་གཏོད་བཞིན་ཡོད་པ་དང་བོད་བཟོའི་དམངས་སྲོལ་སྤྲོ་གསེང་ལྟ་སྐོར་ཁུལ་དང་། ནགས་ཁྲོད་སྦྲ་གུར་མགྲོན་ཁང་གི་སྤྲོ་གསེང་ཁུལ། ལྗོངས་གཟིགས་ཨར་ཁང་སྤྲོ་གསེང་ཁུལ། བོད་སྡེའི་དམངས་སྲོལ་རིག་གནས་མྱོང་རོལ་ཁུལ། ནས་ཞིང་གི་བརྗོད་དོན་གཙོ་བོའི་རོལ་རྩེད་སྤྲོ་གསེང་ཁུལ། ཕྱོགས་བསྡུས་ཞབས་ཞུའི་ཁུལ་གྱི་མཛེས་ལྗོངས་ཁུལ་སོགས་ཁུལ་དྲུག་གཏོད་ཀྱིན་ཡོད།

ད་ལྟ། སྤེ་ཆུང་སྡེ་བས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་། ཡུལ་སྐོར་ཆེད་ལས་སྡེ་བ་གསར་སྐྲུན། ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། “དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”དང་བདེ་འཇགས་འཛུགས་སྐྲུན། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱེད་སྒོ་སོགས་ཀྱི་བྱ་འགུལ་སྤེལ་ནས། མང་ཚོགས་བརྩོན་སེམས་ཅན་དུ་གྱུར་བ་དང་མིའི་འཚོ་གནས་ཁོར་ཡུག་གཙང་མར་གྱུར་བ། བགྲོད་ལམ་དང་སྡེ་བ་མཛེས་པར་གྱུར་བ། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་བྱུང་ཡོད། “རི་མཛེས་ཆུ་དྭངས་ཀྱི་ཁོར་ཡུག་མཛེས་པ་དང་ལྟོ་གོས་གཉིས་འཛོམས་ཀྱི་འཚོ་བ་སྐྱིད་པ། རིག་གནས་ཞི་མཐུན་གྱི་ཞིང་སྡེའི་རྣམ་པ་མཛེས་པ། འབྱོར་བ་ཡར་ངོའི་ཟླ་ལྟར་འཕེལ་བ། རྒན་བཀུར་གཞོན་གཅེས་ཀྱི་སྤྱོད་པ་བཟང་བ། ལྷག་བསམ་རྣམ་དག་གི་བོད་རིགས་ས་ཁུལ་གྱི་མཛེས་སྡུག་ལྡན་པའི”འབྱོར་འབྲིང་གི་ཁྱིམ་གཞིས་སུ་གྱུར།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།