ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་སྡེ་ཁག་གིས་དགེ་སློབ་ཀྱི་གཟུགས་རིས་འགྲེམ་སྟོན་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས26ཉིན་ལ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་སྡེ་ཁག་གིས་དགེ་སློབ་ཀྱི་གཟུགས་རིས་འགྲེམ་སྟོན་དེ་ཀན་ལྷོའི་རིག་མཛོད་ཐོག་ཁང་ཆེན་མོ་ནས་སྤེལ།

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་སྒྲོལ་མ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད། རི་མོའི་འགྲེམ་སྟོན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཡོན་ཀྲང་ཁྲིན་ཀྲིན་ཝུའུ་ཡིས་ཤིས་ཚིག་ཕུལ།

ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་སྡེ་ཁག་དེ་ཀན་ལྷོ་རུ་བཙུགས་ཡོད། ལོ་མང་བོའི་རིང་དགེ་སློབ་ཀྱིས་མཛེས་རྩལ་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་པས། ཕུལ་བྱུང་བརྩམས་ཆོས་མི་ཉུང་བ་ཞིག་གསར་རྩོམ་བྱས་པ་བརྒྱུད་མཛེས་སྡུག་ལྡན་པའི་ཀན་ལྷོའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་མཚམས་སྦྱོར་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཅུང་མ་འགོར་བའི་སྔོན་ལ། སློབ་གླིང་གི་དགེ་སློབ་རྣམས་ཀྱིས་ཐེ་བོ་ནས་དངོས་སྦྱོང་བྱེད་པའི་སྐབས་སུ། སྟབས་ལེགས་པ་ཞིག་ལ་མི་བརྒྱའི་ལྟ་སྦྱོང་ཚོགས་པར་འཕྲད་པ་དང་། དགེ་སློབ་རྣམས་ཀྱིས་ཡུལ་དེའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་འབྲི་བའི་དུས་མཚུངས་སུ། ཁོང་ཚོ་ཡང་ལྟ་སྦྱོང་ཚོགས་པའི་མིག་ནང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་སྒྱུ་རྩལ་གྱི་རྣམ་པ་ཞིག་བསྣན་ཡོད། དེ་དང་ཆབས་ཅིག་ཏུ་དགེ་སློབ་རྣམས་ཀྱི་བརྩམས་ཆོས་ཁྲོད་དུ་ཀན་ལྷོའི་དྲོད་སྐྱིད་ལྡན་པའི་མི་སྡོད་ཁོར་ཡུག་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རི་མོ་མཐོང་ཐུབ།

ཐེངས་འདིའི་འགྲེམ་སྟོན་ཐོག་ཏུ། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ། ཆུ་ཚོན་སོགས་ཀྱི་གཟུགས་དངོས་བརྩམས་ཆོས། དངོས་འབྲིའམ་དོན་འབྲི་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་དགེ་སློབ་ཚོས་ཀན་ལྷོའི་རང་བྱུང་དང་དངོས་ཡོད་འཚོ་བའི་བརྩེ་སེམས་མཚོན་པར་བྱས།

ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་མཛེས་རྩལ་མཐུན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་དེ་མིན་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་མཛེས་རྩལ་སྡེ་ཁག་གི་དགེ་སློབ 300ལྷག་འགྲེམ་སྟོན་འགོ་ཚུགས་མཛད་སྒོར་ཞུགས་ནས་འགྲེམ་སྟོན་ལ་བལྟས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།