ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་རྒན་གྱའི་གནའ་མཁར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མི་ཡོད་པའི་སྡེ་བ་དེར་ད་གཟོད་སྐྱེ་སྟོབས་རྒྱས”ཞེས་ཀན་ལྷོ་ཁུལ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏོ་ཞི་དབྱི་ཡིས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་རྒྱལ་ཁབ་རིམ་པའི་གནའ་མཁར་སྲུང་སྐྱོང་བྱེད་པའི་སྐོར་གླེང་བ་ཡིན། ས་དེ་གའི་གཞུང་ཕྱོགས་ཀྱིས་ཉེ་བའི་ལོ་ཤས་རིང་ཉེན་སེལ་བརྟན་སྲུང་གི་ལས་གཞི་མང་བོ་ལག་བསྟར་བྱས་ཤིང་། ཀན་ལྷོའི་བོད་ཁུལ་གྱི་རིག་གནས་ཡུལ་སྐོར་དེ་མཐོ་སྒང་གི་གནའ་མཁར་དེའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་དང་ནམ་ཡང་སྐྱེ་སྟོབས་རྒྱས་པར་བཅུག

གནའ་མཁར་འདིའི་མཁར་ལ་ཟུར་བརྒྱད་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། མཁར་གྱི་མཐའ་སྐོར་ཁོག་སྟོང་ཅན་གྱི་རྒྱ་གྲམ་དབྱིབས་ཡིན་ལ་སྤྱིའི་རིང་ཚད་ལ་སྨི 2200ལྷག་ཡོད་པ་དང་མཁར་གྱི་ནང་ཁུལ་དུ་ས་མུའུ 300ཟིན་ཡོད། མིག་སྔར་མཁར་ནང་དུ་ཁྱིམ་ཚང 120འཚོ་སྡོད་བྱས་ཡོད།

སྡེ་འདབས་སུ་སླེབས་དུས“ས་ཁོངས་ཡོངས་ཡུལ་སྐོར་གྱི་ཆེད་ལས་སྡེ་བ-མཁར་ནང་སྡེ་བ”ཞེས་པའི་མིང་བྱང་མིག་ལམ་དུ་མངོན་འདུག་ལ་སྡོད་དམངས་ཀྱི་སྡོད་ཁང་མཁར་གྱང་དང་བར་ཐག་སྨི་གསུམ་ཡན་དུ་ཡོད་ས་ན་ཕུབ་ཡོད། མཁར་ནང་དུ་སློབ་གྲྭ་དང་ཚོང་ཁང་སོགས་ཚང་མ་འཛོམས་ཡོད་ཅིང་། མཁར་ནང་སྡེ་བའི་མི་ཚང་མས་ཕ་ཡུལ་གྱི་གནའ་མཁར་སྲུང་སྐྱོང་བྱེད་པའི་བྱ་བའི་ཁྲོད་ཞུགས་དང་ཞུགས་བཞིན་ཡོད།

 “ཆུང་དུས་རྒྱུན་དུ་གྲོགས་པོ་ཚོ་དང་མཉམ་དུ་གྱང་ལ་འཛེགས་ཏེ་རྩེ་མོ་རྩེད་ནས་གཏོར་བརླག་བྱེད་པའི་དོན་དག་མི་ཉུང་བ་ཞིག་བསྒྲུབས་མྱོང་།” ལོ 22ཡིན་པའི་རྡོ་རྗེ་རབ་བརྟན་ནི་ཆུང་དུས་ནས་མཁར་ནང་ནས་འཚར་ལོངས་བྱུང་བ་དང་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཕྱིར་མཁར་ནང་དུ་ལོག་ནས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གི་འགན་ཁུར་གྱིན་ཡོད་ལ། གནའ་མཁར་སྲུང་སྐྱོང་བ་ཞིག་ཏུ་ཡང་གྱུར་ཡོད།

2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒན་གྱའི་མཁར་ནང་དེ་རྒྱལ་ཡོངས་ཀྱི་རབས་དྲུག་པའི་རིག་དངོས་གཙོ་བོའི་སྲུང་སྐྱོང་སྡེ་ཚན་དུ་ཁྱབ་བསྒྲགས་བྱས། ཕྱོགས་སོ་སོའི་ཡུལ་སྐོར་བ་ཉིན་རེ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། སྡེ་བའི་ནང་ད་དུང་ཟ་ཁང་དང་ཚོང་ཁང་། གསང་སྤྱོད་ཁང་སོགས་དམངས་ཕན་སྒྲིག་ཆས་ཚང་མ་གསར་སྐྲུན་བྱས།

2015ལོར། ཀན་ལྷོའི་གཞུང་ཕྱོགས་ཀྱིས་ཐེངས་དང་བོར་མཐོ་སྒང་ན་དཀོན་པའི་གནའ་བོའི་མཁར་རྫོང་དེ་སྲ་བརྟན་དང་ཉམས་གསོ་བྱེད་འགོ་ཚུགས་ཤིང་། 2019ལོར་ཉམས་གསོ་བྱས་ཚར། རྒྱལ་ཡོངས་ཀྱི་གནའ་ཤུལ་གཞན་དག་སྲུང་སྐྱོང་བྱེད་པ་དང་བསྡུར་ན“མི་མཁར་ནང་དུ་སྡོད་པའི”རྒན་གྱའི་མཁར་ནི་མཐོང་དཀོན་པ་ཞིག་རེད།

“གནའ་མཁར་དེ་དེང་རབས་ཀྱི་མི་དང“འབྲེལ་འདྲིས”ཀྱི་ཁྲོད་ཡང་བསྐྱར་བཀྲག་མདངས་རྒྱས་པ་དང་། མི་ཡོད་པའི་ས་ཆ་ནི་ད་གཟོད་མཁར་ཡིན” འདི་ལྟ་བུའི་གདོད་མའི་རྣམ་པ་རྒྱུན་འཛིན་བྱས་པ་འདིས་གནའ་བོའི་དར་གོས་འགྲིམ་ལམ་གྱི་ལོ་རྒྱུས་ཀྱི་རྣམ་པ་དང་དེང་སྐབས་ཐུན་མོང་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མི་ཆོས་སྣང་ཚུལ་སྣ་ཚོགས་སླར་ཡང་མངོན་པ་མ་ཟད། ཕྱི་རོལ་གྱི་མི་རྣམས་མཐོ་སྒང་དུ་ལུས་པའི་གནའ་མཁར་འདི་རྒྱུས་ལོན་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་པས་འདི་ནི་སྲུང་སྐྱོང་ཆེས་བཟང་ཤོས་དེ་ཡིན་ཞེས་ཏོ་ཞི་དབྱི་ཡིས་བཤད།། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།