ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་དཔལ་ཡོན་འཚོ་བའི་ཁྲོད་དུ་འཁྱེར་བདེ་ཐུར་མ་སྤྱོད་འགོ་བརྩམས་པ།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསོལ་ལྕོག་ཐོག་གི་དཔལ་ཡོན་ནི་སྤྱི་ཚོགས་དཔལ་ཡོན་གྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་དཔལ་ཡོན་གསར་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱིས་ངལ་རྩོལ་ལ་བརྩི་འཇོག་དང་། འབྲུ་རིགས་ལ་གཅེས་སྤྲས། ཧུར་བརྩོན་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་བཟང་བོ་མཚོན་ཐུབ། གཙོས་གྲོང་ཁྱེར་གྱིས་ཐུར་མ་ཐེངས་གཅིག་ཅན་མི་སྤྱོད་པའི་གྲོས་འགོ་བཏོན་པ་ནས་བཟུང་། རྒྱ་ཆེའི་གྲོང་མི་དང་བཟའ་བཏུང་ཁེ་ལས་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཆེན་མོ་ཐོབ།

“ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་”གི་འདུ་ཤེས་སྔར་བས་མི་སེམས་སུ་ཟུག་ཆེད། ཐེངས་འདིའི་བྱ་འགུལ་གྱིས་རྒྱ་ཆེའི་གྲོང་མི་དང་བཟའ་བཏུང་ཁེ་ལས་ལ་འཁྱེར་བདེ་བའི་ཐུར་མ་ཆ5000ལྷག་འགྲེམ་གཏོང་བྱས། ཐུར་མ་ཐེངས་གཅིག་ཅན་བཀོལ་བའི་སྐྱོན་ཆ་གསལ་བཤད་དང་ཚང་མའི་བསམ་བློའི་སྟེང་གི་ནོར་འཁྲུལ་བསལ་ནས། དོན་དངོས་ཀྱིས་དྲན་སྐུལ་བྱས་པ་མ་ཟད། རྒྱ་ཆེའི་གྲོང་མི་རྣམས་ལ“ཐེངས་གཅིག་རང་བཞིན”གྱི་ཐུར་མ་སྤྱོད་པར་གཏན་འགོག་བྱེད་པའི་འབོད་སྐུལ་བཏང་བ་དང་། རྗེས་ཕྱོགས་ཀྱི་བྱ་འགུལ་ཁྲོད་དུ། ད་དུང་འཁྱེར་བདེའི་ཐུར་མ་ཆ20000འགྲེམ་གཏོང་བྱས་ནས་ཚང་མས་ཡ་རབས་ངང་ཟ་མ་ཟ་བར་ཁྲིད་སྟོན་བྱ་རྩིས་ཡོད་པ་བསྟན།

མ་ཏུའེ་ཀྲང་གི་ཟ་ཁང་དུ་གྲོང་མི་ཞིག་གིས་འཁྱེར་བདེའི་ཐུར་མས་ཐུག་པ་འཐུང་བཞིན་འདུག་པས་གསར་འགོད་པར་བཤད་རྒྱུར། ཉིན་འགའི་སྔོན་ལ་ཤམ་བྷ་ལའི་རིག་གནས་ཐང་ཆེན་ནས་འཁྱེར་བདེའི་ཐུར་མ་རིན་མེད་དུ་བླངས་རྗེས། ད་ལྟའི་བར་དུ་ལུས་དང་མ་འབྲལ་བར་འཁྱེར་འདུག་ཟེར། ཁོང་གིས་འཁྱེར་བདེ་ཐུར་མ་དེ་བདེ་ཐང་ཡིན་ལ་གཙང་མ་ཡང་ཡིན་པ། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་ཡང་ཡིན་པར་འདོད་པས། རྒྱ་ཆེའི་གྲོང་མི་ཚང་མས་འཁྱེར་བདེ་ཐུར་མ་སྤྱོད་པའམ་དུག་སེལ་ཐུར་མ་སྤྱོད་རྒྱུ་རང་ཉིད་ནས་འགོ་བརྩམས་ཏེ་ཐུར་མ་ཐེངས་གཅིག་ཅན་གཏན་འགོག་བྱ་རྒྱུའི་འབོད་སྐུལ་བཏང་གིན་ཡོད།

གཙོས་གྲོང་ཁྱེར་གྱི་བཟའ་བཏུང་ལས་གཉེར་བ་མང་བོ་ཞིག་གིས་དུག་སེལ་ཐུར་མ་དང་སྟབས་བདེའི་ཐུར་མ་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་ཡ་རབས་ཀྱི་ཟ་མ་ཟ་བའི་གོམས་གཤིས་ཆགས་པར་སྣེ་ཁྲིད་དང་དྲིལ་བསྒྲགས་བྱས་ནས། གྲོང་ཁྱེར་འདི་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བསྐྲུན་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆེད་དུ་ལེགས་སྐྱེས་ཕུལ།

མི་མང་བོ་ཞིག་གིས་ཐུར་མ་ཐེངས་གཅིག་ཅན་ནི་གཙང་ཞིང་བདེ་འཇགས་ཡིན་པར་འདོད་དེ། ཕྱི་རུ་སོང་ནས་ཟ་མ་ཟ་སྐབས་ཐེངས་གཅིག་རང་བཞིན་གྱི་ཐུར་མ་ཁོ་ན་སྤྱོད་འདོད་ཆེ། ཁོང་ཚོས་སྤུས་ཀ་ཞན་པའི་ཐུར་མ་ཐེངས་གཅིག་ཅན་ཁ་ཤས་ལ་ཡུན་རིང་ཉར་ཚགས་བྱ་ཆེད“མཛེས་དཀར”ཅན་གྱི་དབྱང་གཉིས་ཟི་རྫས་བསྲེས་ཡོད་པས། དེའི་གནོད་འཚེ་ནི་དུག་སེལ་བྱས་པའི་ཐེངས་གཅིག་ཅན་མ་ཡིན་པའི་ཟ་སྣོད་ལས་ཆེ་བ་ཤེས། ཚད་ལྡན་བཟོ་གྲྭས་ཐུར་མ་ཐེངས་གཅིག་ཅན་ཐོན་སྐྱེད་བྱེད་པའི་ཤིང་ཆའི་རྒྱུ་སྤུས་ཅུང་བཟང་བ་དང་། དམིགས་བསལ་གྱི་ལས་སྣོན་ཡང་བྱས་མེད་མོད། འོན་ཀྱང་བཟོ་གྲྭ་ཆུང་ཆུང་ཁ་ཤས་ཀྱིས་མ་རྩ་ཇེ་དམའ་རུ་གཏོང་ཆེད། བཀོལ་སྤྱོད་བྱེད་པའི་ཤིང་ཆ་ཚང་མ་སྤུས་ཀ་ཞན་ཞིང་། བལྟས་ན་ཁ་མདོག་ཅུང་ནག་པ། ཐུར་མ་དཀར་བཟོ་བྱ་ཆེད་ཁྲིམས་འགལ་བ་ཁ་ཤས་ཀྱིས་མུ་ཟིའི་རླངས་བཙོས་བྱས་པ། ཚོང་རའི་སྟེང་གི་ཐུར་མ་ཐེངས་གཅིག་ཅན་ལ་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། མཇུག་འབྲས་ལས་མངོན་པ་ལྟར་ན། དཔེ་འཐེན་ཞིབ་བཤེར་དངོས་དཔེ10ཡི་ཁྲོད་དུ་དབྱང་གཉིས་མུ་ཟིའི་འགྱུར་རྫས་འདུས་པའི་ཐོན་རྫས8ཡོད། ཐོན་རྫས4ཡི་དབྱང་གཉིས་མུ་ཟི་འདུས་ཚད་ཚད་ལས་བརྒལ་ཡོད། དེ་མིན་དཔེ་འཐེན་ཞིབ་བཤེར་དངོས་དཔེ་ཚང་མར་མགོ་ན་བ་དང་སྐྱུག་པའི་དབྱང་འགྱུར་ཆིང་དང་འབྲས་སྐྲན་སློང་སྲིད་པའི་རྫས་འགྱུར་དངོས་རྫས་འདུས་ཡོད།

གཙོས་གྲོང་ཁྱེར་གྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཡུང་གིས“ཉིན་འགའི་སྔོན་ལ། ང་ཚོས་ཤམ་བྷ་ལའི་རིག་གནས་ཐང་ཆེན”དུ་ཐུར་མ་ཐེངས་གཅིག་ཅན་སྤྱོད་འགོ་བརྩམས་པའི་བྱ་འགུལ་སྤེལ་ནས‘ཁྱེད་དང་ང་ཡི་བདེ་ཐང་གི་ཆེད་དུ། ཐུར་མ་ཐེངས་གཅིག་ཅན་བཀོལ་མཚམས་བཞག་ནས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆགས་པ་དང་རང་ཉིད་ཀྱི་ཁྱིམ་གཞིས་ལ་དགའ་ཞེན་བྱས་ཏེ་ཕ་ཚ་བུ་རྒྱུད་ཚོས་ནམ་ཡང་ལྗང་མདོག་ཁོར་ཡུག་གི་བདེ་སྐྱིད་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ནི་ང་ཚོ་གྲོང་མི་ཡོངས་ཀྱི་འགན་འཁྲི་ཡིན’ཞེས་པའི་བྱ་འགུལ་སྤེལ་ཟེར། 

ཡ་རབས་ངང་ཟ་མ་ཟ་བ་དང་འཁྱེར་བདེ་ཐུར་མ་སྤྱོད་དེ། དཔུང་པ་མཉམ་གཤིབ་དང་ལག་གདང་མཉམ་སྦྲེལ་གྱིས་ལྗང་མདོག་གི་ནགས་ཚལ་སྲུང་སྐྱོང་དང་། རང་ཉིད་ཀྱི་བདེ་ཐང་ལ་གཅེས་སྤྲས་བྱས་ནས། ཐུར་མ་ཐེངས་གཅིག་ཅན་སྤྱོད་མཚམས་འཇོག་རྒྱུ་རང་ཉིད་ནས་འགོ་འཛུགས་པའམ་ད་ལྟ་ནས་འགོ་འཛུགས་པ། ཕྲན་ཚེགས་ནས་འགོ་བཙུགས་ཏེ་གཙོས་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བསྐྲུན་པར་རམ་འདེགས་བྱ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།