ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་བོད་ཁུལ་དུ་བསམ་པའི་དབུལ་སྐྱོར་གྱིས་རིག་གནས་འབྱོར་འབྲིང་གི་ཞན་ཆ་གསབ་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

641.png

རྒྱལ་ལམ213བརྒྱུད་ནས་རྫོང་མཁར་དང་བར་ཐག་སྤྱི་ལེ23ཡོད་ཅིང་། མཚོ་ངོས་ལས་མཐོ་ཚད་སྨི3400ལྷག་ཡོད་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བ་ནི་ཀན་ལྷོ་ཁུལ་གྱིས་འཛུགས་སྐྲུན་བྱས་པའི་འབྲོག་པའི་གཏན་སྡོད་གཞི་ས་དང་བོ་ཡིན། སྔོན་ཆད་ཡངས་ཤིང་མཐའ་ཡས་པའི་རྩྭ་ཐང་དུ་ངེས་གཏན་མེད་པར་རྩྭ་ཆུའི་རྗེས་དེད་ནས་འཚོ་སྡོད་བྱེད་པའི་ལོ་རྒྱུས་མཇུག་རྫོགས་ནས། ད་ལྟ་གྲོང་ངེར་ལངས་པའི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་བཟང་རེ་རེ་དང་ཡངས་ཤིང་དཀར་ཆ་དོད་པའི་སྡེ་མིའི་དཔེ་ཀློག་ཁང་གཅིག་དང་། གཙང་ཞིང་གྲལ་འགྲིག་པའི་དཔེ་སྒྲོམ་རེ་རེ་དེའི་ཚབ་དུ་གྱུར་འདུག  ཟླ4བའི་ཚེས10ཉིནཀྲུང་གོའི་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་འཕྲིན གྱི་གསར་འགོད་པ་ཀན་སུའུ་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་མཐའ་གཅིག་ལེན་པ་ཞེས་པའི་བརྗོད་དོན་གཙོ་བོའི་སྨྱན་སྦྱོར་ཁག་གི་མཉམ་སྡེབ་བཅར་འདྲི་ཚོགས་པ་དང་མཉམ་དུ་ས་དེ་གར་ཡོང་དུས། མི་རིགས་མཐུན་སྒྲིལ་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མིག་མདུན་དུ་འཆར། 

མཁྲེགས་ཆས་ལེགས་བཅོས་བྱུང་རྗེས་མཉེན་ཆས་དེ་བས་གལ་ཆེ་བར་མངོན། འབྲོག་པའི་བསམ་པའི་རིག་གནས་ཀྱི་འཚོ་བ་རྦད་དེ་ལེགས་སུ་གཏོང་བ་དང་མི་རབས་ནས་མི་རབས་བར་རྩྭ་ཆུ་དེད་ནས་འཚོ་སྡོད་བྱེད་པའི་འབྲོག་པ་ཚོར་ཚན་རིག་དང་རིག་གནས་ཤེས་བྱའི་ཁེ་བཟང་ཚོར་ཐུབ་པ་བྱ་ཆེད། ས་གནས་དེ་གས་ཞིང་བའི་དཔེ་ཀློག་ཁང་གི་ནུས་པ་ཆེ་ཤོས་སུ་གྱུར་པ་དང་། ལྗང་མདོག་ཕྱུགས་ལས་འཕེལ་རྒྱས་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། དེ་ལས་ལྷག་པར་དུ་ས་གནས་དེ་གའི་དབུལ་ཐར་མཁྲེགས་གཏོར་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིངས་། 

འབྲོག་པར་སྐར་བཞི་ཅན་གྱི་ཞིང་བའི་དཔེ་ཁང་ཞིག་ཡོད།

“ས་གནས་ཤིག་གིས་རིག་གནས་ཤེས་བྱར་མཐོང་ཆེན་མ་བྱས་ན་འཕེལ་རྒྱས་ཡོང་ཐབས་བྲལ། ང་ཚོས་ཕྱུགས་སྨན་རིམས་འགོག་ས་ཚིགས་ཀྱི་ལག་རྩལ་མི་སྣ་ཞིང་བའི་དཔེ་ཀློག་ཁང་དུ་གདན་དྲངས་ནས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འབྲོག་པ་མང་ཚོགས་ལ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཤེས་བྱ་གསོ་སྦྱོང་བྱས་པ་མ་ཟད། ཁོང་ཚོར་སྲིད་ཇུས་སྒྲོག་འགྲེལ་དང་རིག་གནས་གསོ་སྦྱོང་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ”ཅེས་མཚོ་ཉིན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལིན་གྱིས་གསར་འགོད་པར་བཤད། 

“སྒྲོག་འགྲེལ་གསོ་སྦྱོང་ཐེངས་མང་བྱས་པ་བརྒྱུད། འབྲོག་པ་མང་ཆེ་བས་ཐོག་མའི་ཡིག་འབྲུ་གཅིག་ཀྱང་མི་ཤེས་པ་ནས་རིག་གནས་ཀྱི་བྱང་ཚད་ངེས་ཅན་ཞིག་ལྡན་པའི་ཤེས་ཡོན་ཅན་གྱི་འབྲོག་པ་ཞིག་ཏུ་གྱུར་པ་མ་ཟད། ཤེས་བྱར་བརྟེན་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཐོབ”ཡོད་པ་དང་། ཞིང་བའི་དཔེ་ཀློག་ཁང་དེ་མང་ཚོགས་ཀྱི་དཔེ་ཀློག་སློབ་སྦྱོང་དང་། ཚན་རིག་ལ་བརྟེན་ནས་ཕྱུག་འགྱུར། ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་དང་ཁྱབ་གདལ་བྱེད་པའི་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་ནས། སྡེ་བ་ཡོངས་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བར་སྐུལ་འདེད་བཏང་བ་དང་། “སྐྱེ་ཁམས་ཡུལ་སྐོར་གྱི་བོད་སྡེ་དང་བོ”བསྐྲུན་པར་ནུས་པ་གལ་ཆེན་ཐོན་ཞེས་ཀ་ཤུལ་སྡེ་བའི་ཏང་ཨུའི་ཧྲུའུ་ཅི་ལྷ་མོ་སྐྱབས་ཀྱིས་བཤད། 

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི“ཁུལ་གསུམ་ཆུས་གསུམ”དང་ཀན་སུའུ་ཞིང་ཆེན་གྱི“ཁུལ་གཉིས་རྫོང་གཅིག”ལས་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་མི་འདང་བ་དང“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཅུང་ཚབས་ཆེ་བའི་གནད་དོན་ལ་དམིགས་ནས། ས་གནས་དེ་གས“ཕུགས་འདུན”རོགས་སྐྱོར་དང“བློ་རིག”རོགས་སྐྱོར་ཁྲོད་འབེན་ཡོད་སར་མདའ་འཕངས་ནས་ནང་གནས་ཀྱི་སྒུལ་ཤུགས་སྐུལ་བ་དང་། ཀན་ལྷོའི་བོད་ཁུལ་གྱི་བསམ་པའི་དབུལ་སྐྱོར་གྱི་ཐབས་ལམ་དང་ཁ་ཕྱོགས་གསལ་བོ་བྱས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ཐོབ་ཆེད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་བཏིངས། 

དངོས་པོའི་འཚོ་བ་ཕྱུག་པོར་གྱུར་པའི་འབྲོག་པ་ཚོར་བསམ་པའི་རིག་གནས་ཀྱི་འཚོ་བ་ལ་དེ་བས་འདུན་པ་ཆེན་པོ་སྐྱེས་ཡོད། ལོ 57ལ་སླེབས་པའི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་མགོན་པོ་བཀྲ་ཤིས་ཀྱི་བཟའ་མི 8ཀྱིས་གཏན་སྡོད་མ་བྱས་གོང་ལ་བཞོན་པ་རྟ་བྱེད་པ། ནོར་ལ་ཁལ་འགེལ་བ། མར་མེ་སྒྲོན་ནས་འོད་ལེན་པ་དང་། སྦྲ་གུར་ཕུབ་ནས་སྲོལ་རྒྱུན་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་མོད། ད་ལྟ་བུས་རིག་གནས་སྦྱངས་ཏེ་སློབ་ཆེན་ནས་མཐར་ཕྱིན་རྗེས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་པས། ཁོང་ལ་རིག་གནས་ཤེས་བྱ་སློབ་སྦྱོང་བྱས་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་ཐོབ་ནས། “རིག་གནས་ཡོན་ཏན་སྦྱངས་ན་ཡག་པོ་རེད”ཅེས་བཤད། 

བསམ་བློའི་དབུལ་ཐར་ནི་དབུལ་ཐར་ངོ་མ་དེ་ཡིན། “ཀན་སུའུ་ཞིང་ཆེན་གྱི་སྐར་བཞི་རིམ་པའི་ཞིང་བའི་དཔེ་ཀློག་ཁང”དུ་བརྩི་བའི་ཀ་ཤུལ་སྡེ་བའི་ཞིང་བའི་དཔེ་ཀློག་ཁང་གིས་རོང་འབྲོག་མང་ཚོགས་ལ་དངོས་ཕན་ཐོབ་པ་དང་ཡུན་རིང་ཕན་པ་ཐོབ་པའི་རྩ་དོན་ལ་གཞི་ཚུགས་ཤིང་། རོང་འབྲོག་མང་ཚོགས་ཀྱི་བོད་ཡིག་དཔེ་སྐྲུན་རིགས་ཀྱི་དགོས་མཁོར་དམིགས་ནས་བོད་ཡིག་དཔེ་དེབ་དང་སྒྲ་བརྙན་དཔེ་སྐྲུན་ཚན་པ་ཆེ་གྲས་ཁག་དང་དེ་བཞིན་དུས་དེབ་ཁང་མང་བོ་དང་ཧུར་ཐག་གིས་འབྲེལ་མཐུད་བྱས་ནས། “རྒྱ་བོད་སྐད་གཉིས་ཀྱི་པར་གཞིའི”ཏང་གི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས་ཁྲིམས་སྲོལ། ཕྱུགས་ལས་གསོ་ཚགས་རྩལ་ནུས་བཅས་ཐད་ཀྱི་དཔེ་དེབ་སྣ་ཁ 120ལྷག་དང་དེབ 1000ལྷག་ཉོ་སྒྲུབ་བྱས་ནས་རོང་འབྲོག་པའི་རིག་གནས་སློབ་གསོ་དང་། སྲིད་ཇུས་དང་ཁྲིམས་སྲོལ་ཤེས་རྟོགས། ཕྱུག་འགྱུར་རྩལ་ནུས་ཁོང་དུ་ཆུད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་ཞབས་འདེགས་ཡག་པོ་ཞུས་ཡོད་ཅེས་ཝང་ལིན་གྱིས་ངོ་སྤྲོད་བྱས། 

རིག་གནས་ཀྱི་འཐབ་ས་ཕུན་སུམ་ཚོགས་པར་གྱུར་པ། 

“དབུལ་ཐར་གྱི་ཐོག་མ་རྨོངས་སེལ་ཡིན།  ཀན་ལྷོ་ཁུལ་གྱིས་དབུལ་སྐྱོར་དང་བློ་རིག་རོགས་སྐྱོར།  ཕྱི་རོལ་གྱི་རོགས་སྐྱོར་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་རྒྱུ་ཟུང་འབྲེལ་བྱས་ནས།  དབུལ་ཕོངས་མང་ཚོགས་རང་རྟོགས་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས” ཞེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས།  སྡེ་བའི་རྒྱང་བསྒྲགས་ཁང་དང་རོང་འབྲོག་སྡེའི་རིག་གནས་བྱ་འགུལ་ཁང་།  རོང་འབྲོག་པའི་དཔེ་ཀློག་ཁང་།  སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས།  རྟ་ཐོག་དྲིལ་བསྒྲགས་ཚོགས་པ་སོགས་བརྒྱུད་ལམ་སྣ་ཚོགས་ནས་དྲིལ་བསྒྲགས་སློབ་གསོ་སྤེལ་བས།  དབུལ་ཕོངས་མང་ཚོགས་ཀྱི་རིག་གནས་ཤེས་བྱའི་ཆུ་ཚད་དང་དམངས་ཕན་སྲིད་ཇུས་ཀྱི་ཤེས་རྟོགས་བྱེད་ཚད་ཇེ་མཐོར་དང་དབུལ་ཞྭ་ཕུད་པའི་ཡིད་ཆེས་དང་འཐབ་སེམས་མངོན་གསལ་གྱིས་ཆེ་རུ་ཕྱིན།

ཞིང་བའི་དཔེ་ཀློག་ཁང་གི་སྤུས་ཚད་དང་ཕན་འབྲས་ཇི་ལྟར་མཐོར་འདེགས་གཏོང་རྒྱུར་དམིགས་ནས།  ཀན་ལྷོ་ཁུལ་གྱིས་རིགས་ཁག་གི་གཞི་རིམ་རིག་གནས་གཡུལ་ས་གང་ལེགས་ཀྱིས་སྤྱོད་པ་དང་།  ཞིང་བའི་དཔེ་ཀློག་ཁང་གི་སྲིད་ཇུས་བཅའ་ཁྲིམས་དང་།  ཚན་རིག་ལག་རྩལ།  རིག་གནས་སྒྱུ་རྩལ་རིགས་ཀྱི་དཔེ་དེབ་སྤྱད་དེ།  འབྲོག་རའི་སྦྲ་གུར་དང་རོང་འབྲོག་པའི་ཁྱིམ་ཚང་དུ་སྒྲོག་འགྲེལ་བྱས་པ་དང་།  སྒྲོག་འགྲེལ་གྱི་རྣམ་པ་སྣ་མང་སྤྱད་པ་མ་ཟད།  སྒྲོག་འགྲེལ་བྱེད་སྐབས་སུ་མང་ཚོགས་ཀྱི་དོགས་གནད་མང་བོ་སེལ་བས།  ཀ་ཤུལ་སྡེ་བའི་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་མང་བོ་ཐག་གཅོད་བྱས་མཐར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅེས་ཝང་ལིན་གྱིས་ངོ་སྤྲོད་བྱས།

“རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་དག་ཐེར་དོན་འཁྱོལ་ཟུང་འབྲེལ་བྱེད་པ།  སྲིད་ཇུས་སྒྲོག་འགྲེལ་དང་རིན་ཐང་ཕྱོགས་སྟོན་ཟུང་འབྲེལ་བྱེད་པ།  གོམས་སྲོལ་སྒྱུར་བཅོས་དང་དཔེ་མཚོན་སྣེ་ཁྲིད་ཟུང་འབྲེལ་བྱེད་པ།  རིག་གནས་ཟབ་འཇུག་དང་མི་ཆོས་ཐུགས་ཁུར་ཟུང་འབྲེལ་བཅས་བྱས་པ།” དེ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྒྱུད་རིམ་ཁྲོད་དུ། གཞི་རིམ་གྱི་རིག་གནས་དྲིལ་བསྒྲགས་མྱུར་དུ་གོང་འཕེལ་གཏོང་བའི་ལག་ལེན་ཞིག་ཏུ་གྱུར་ཡོད། གསར་འགོད་པས་བཅར་འདྲིའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ལག་ལེན་དེ་ལྟར་བྱས་པའི་དབང་གིས། དབུལ་ཕོངས་མང་ཚོགས་ཀྱི་རུས་པའི་གསེང་གི་སྒྱིད་ལུག་གི “དུག་རྩ”བཅད་པ་དང་།  རྩ་བའི་ཆ་ནས “སྒུག་རྟེན་སློང་གསུམ”གྱི་བསམ་བློ་དོར་བར་ཁྲིད་སྟོན་དང་།  དབུལ་ཐར་གྱི་རིག་ལམ་གསར་བ་འཐུས་ཚང་དང་དབུལ་ཐར་གྱི་སྒུལ་ཤུགས་གསར་བ་དྲག་ཏུ་བཏང་བས།  ཚད་ཆེན་པོའི་སྒོ་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པར་ཡིད་ཆེས་སྐུལ་བ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།