ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱ་བ་ཏན་ཏིག་སྒོས་སྤེལ་བ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་སྟག་མོ་སྡེ་བས་དམིགས་བསལ་གྱི་མགྲོན་པོ་ཁག་ཅིག་བསུས་ཤིང་། ཁོ་ཚོས་སྨན་སྒམ་ཁུར་ནས་ཁ་འཐུམ་བརྒྱབ་ཅིང་ངལ་གསོ་རྒྱག་ཁོམ་མེད་པར་འབྲོག་རར་འཛུལ་མ་ཐག་ས་དེ་གའི་ནོར་ལུག་ལ་རིམས་འགོག་སྨན་ཁབ་བརྒྱབ་ནས་ཕྱུགས་རིགས་ལ་སྨན་བཅོས་བྱེད་འགོ་བརྩམས། 

ཉིན་བསྟུད་མར་ཁ་བ་བབས་པ་མ་ཟད། ད་དུང་དཔྱིད་ཆད་ཕོག་དུས་ལའང་སླེབས་ཡོད། ནད་ཕོག་ཡོད་པའི་ནོར་ལུག་ཧ་ཅང་མང་བོ་འདུག ཁོ་ཚོས་ནོར་ལུག་ལ་དཔྱིད་དུས་ཀྱི་ཁ་ཚ་རྨིག་ཚའི་རིམས་འགོག་སྨན་ཁབ་བརྒྱབ་པ་མ་ཟད། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་མཛོད་དགེ་སྟོད་མ་ཤང་སྟག་མོ་རུ་ཁག་གཉིས་པའི་མང་ཚོགས་སྙིང་ལྕགས་ཚེ་རིང་གིས་བཤད། 

མིག་སྔར་གཙོས་གྲོང་ཁྱེར་གྱི་གློ་ཚད་ཀྱི་རིམས་ནད་གསར་བ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་པ་དང་ཕྱུགས་རིགས་ཀྱང་གཟན་རྩྭ་དཀོན་པའི་དབང་གིས་དཔྱིད་ཆད་དང་འཕྲད་ཡོད། དཔྱིད་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་གཅིག་བསྡུས་རིམས་འགོག་བྱ་བ་ཏན་ཏིག་ངང་བཟང་བོ་སྒྲུབ་པ་དང་། གཙོས་གྲོང་ཁྱེར་གྱི་ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་པ། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དུ། གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་གིས་དཔྱིད་དུས་ཀྱི་སྲོག་ཆགས་ཀྱི་རིམས་ནད་གཅིག་སྡུད་རིམས་འགོག་གི་སྐོར་སྐྱོད་སྨན་བཅོས་བྱ་བ་སྤེལ་འགོ་བརྩམས་ནས་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་རིགས་སྣ་ཚོགས་གསོ་ཚགས་ཐད་ཀྱི་དངོས་ཡོད་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་དཔྱིད་ཆད་སྐབས་ཀྱི་ཕྱུགས་རིགས་སྣ་ཚོགས་ཀྱི་ཤི་སྐྱོན་ཉུང་དུ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་ཇེ་ཉུང་དུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་། 

དཔྱིད་ཆད་དུས་སྐབས་ཀྱི་ཤེད་ངན་པའི་ཕྱུགས་རིགས་ཤི་ཚད་མཐོ་བའི་གནས་ཚུལ་དངོས་ལ་དམིགས་ཏེ་རིམས་འགོག་སྨན་ཁབ་སྣ་ཚོགས་གཏོང་འདྲེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔྱིད་དུས་ཀྱི་རིམས་འགོག་གཅིག་བསྡུས་བྱ་བ་འགན་ལེན་བྱས། དེ་དང་ཆབས་ཅིག་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་སྐོར་སྐྱོད་སྨན་བཅོས་རུ་ཁག་བཙུགས་ཏེ་སྲོག་ཆགས་ཀྱི་རྒྱུན་མཐོང་ནད་གཞིར་བརྟག་བཅོས་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཆེད་ནད་ལ་བརྟག་དཔྱད། སྲོག་ཆགས་ཀྱི་རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དུག་སེལ་གྱིས་འབྱུང་རྩ་མེད་པར་བཟོ་བ་སོགས་ཀྱི་བྱ་བར་ཕྱོཊ་ཡོངས་ནས་ཤུགས་བསྣན་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གྱོང་གུན་ཆུང་དུ་གཏོང་དགོས་ཞེས་གཙོས་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་རྡོ་རྗེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། གཙོས་གྲོང་ཁྱེར་གྱི་དཔྱིད་དུས་སྲོག་ཆགས་ཀྱི་རིམས་ནད་གཅིག་བསྡུས་རིམས་འགོག་སྐོར་སྐྱོད་ནད་བརྟག་སྨན་བཅོས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ནོར་གནག་ཁྲི 11.5དང་། ལུག་ཁྲི 16.9 ཕག་ཁྲི 1.3 ཁྱིམ་བྱ་ 4500ལྷག་ལ་གཅིག་བསྡུས་སྒོས་རིམས་འགོག་བྱ་རྒྱུ་རེད།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།