ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།

ཡོང་ཁུངས། : ཁམས་པའི་བརྙན་འཕྲིན།     སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དུ་བསྟར་བ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུད་འཛིན། གསར་གཏོད་ངང་འཕེལ་རྒྱས་བཏང་ནས་ས་གནས་ཀྱི་ཡུལ་སྐོར་རིག་གནས་གོང་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཟི་དཔལ་འཛམ་གླིང་དུ་ངོམ་པ་དམིགས་ཡུལ་དུ་བཟུང་ནས། ཀླུ་ཆུ་རྫོང་ཀླུ་དབང་གཙུག་རྒྱན་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཀན་ལྷོ་ཁུལ་རིན་ཆེན་གཏེར་མཛོད་ཚད་ཡོད་ཚོང་ལས་ཀུང་སི་གཉིས་ཀྱིས་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་ཞིག་སྒྲུབ་འགོ་བརྩམས།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།

ལས་གཞི་དེ་ནི 2014ལོའི་ཟླ 6 པར་ཇུས་འགོད་བྱེད་ཅིང་། མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་མཁས་པ་མང་བོར་གསོ་རིག་ཞལ་ཐང་ཕྱོགས་ཀྱི་བཀའ་འདྲི་ཞུས་པར། སྨན་པ་ཨ་ཁུ་བསྟན་ཁོ་ཚང་དང་མཁས་དབང་གོ་འཇོ་དབང་འདུས། སྨན་པ་རྒྱ་ཡེ་ཉི་མ། སྨན་པ་ཏིང་འཛིན་སོགས་གསོ་རིག་མཁས་པ་དུ་མ་དང་། མཁས་དབང་དོར་ཞི་དང་བསེ་ཚང་བློ་བཟང་དཔལ་ལྡན། དོན་འགྲུབ་དབང་འབུམ་སོགས་དང་། རི་མོའི་ཕྱོགས་ནས་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་དང་བརྩོན་འགྲུས་རབ་རྒྱས་སོགས་ཆེད་མཁས་དང་། དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས། རྒྱལ་མོ་འབྲུག་པ། དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་སོགས་མཁས་པ་རྣམས་ལ་བཀའ་དྲིན་ལེགས་པར་ཞུས་ཏེ་ལས་གཞི་འགོ་བརྩམས་ཤིང་།  ཞལ་ཐང་གི་ཞེང་ཚད་ལ་སྨི 1.3 དང་རིང་ཚད་ལ་སྨི 1500ཡོད། ནང་དོན་ཕྱོགས་གཉིས་ལ་བགོས་ཡོད་པ་སྟེ། ནང་དོན་གཅིག་རི་མོ་ཡིན། ནང་དོན་གཅིག་གསོ་རིག་རྒྱུད་བཞིའི་ཡིག་གཟུགས་ཞལ་ཐང་ཡིན། རི་མོ་ཡོད་ཚད་ཀྱི་ཚོན་མདངས་རང་བྱུང་གི་རྡོ་ཚོན་ཡིན་པ་མ་ཟད། ཡིག་གཟུགས་བྲི་བྱེད་ཀྱི་རྒྱུ་ཆ་ནི་དཔལ་ལྡན་རྒྱུད་བཞིའི་ནང་ནས་རྩ་རྒྱུད་གསེར་བྲིས། བཤད་རྒྱུད་དངུལ་བྲིས། མན་ངག་གི་རྒྱུད་མཚལ་བྲིས། ཕྱི་མ་རྒྱུད་གཡུ་བྲིས་བཅས་ཆེ་ཆུང་རི་མོའི་ཞལ་ཐང་གི་ཚད་དང་མཉམ་པ་ཚང་མ་རས་བྲིས་ཡིན།

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།

རི་མོའི་ནང་དོན་ནི་ཡ་ཐོག་འགྲོ་བ་མི་བྱུང་ཚུལ་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་བར་གྱི་བོད་ཀྱི་གསོ་བ་རིག་པའི་བྱུང་འཕེལ་དང་། གསོ་རིག་སོག་ཡུལ་དུ་དར་ཚུལ། མེས་རྒྱལ་ནང་ཁུལ་དུ་དར་ཚུལ། ཕྱི་རྒྱལ་དུ་དར་ཚུལ་བཅས་རི་མོའི་ལམ་ནས་བསྟན་ཡོད། གཞན་ཡང་བོད་དུ་བྱུང་བའི་སྨན་པ་ཉིས་བརྒྱ་ལྷག་གི་མཛད་རྣམ་གནད་བསྡུས་དང་གསོ་རིག་རྒྱུད་བཞིའི་སྡོང་འགྲེམ་ཁ་ཚང་། གསོ་རིག་སྨན་ཐང་བརྒྱད་ཅུ། འཁྲུངས་དཔེ། གསོ་རིག་དང་སྐར་རྩིས་ཀྱི་སྐོར། རྫས་སྲུང་དང་སྔགས་སྲུང་གི་རྣམ་གྲངས་མང་བོ་དང་། རྟེན་འབྲེལ་དབྱུག་བཅོས་ཀྱི་སྐོར། དམངས་ཁྲོད་གསོ་རིག་གི་རྣམ་གྲངས་མང་བོ། ཕྱུགས་རིགས་གསོ་རིག་སོགས་རི་མོར་འགོད་རུང་གང་ཡིན་འགོད་འཆར་ཡོད། 

ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་ལས་གཞི་བདེ་བླག་ངང་སྤེལ།

ལས་གཞི་འདི 2021ལོར་ལེགས་འགྲུབ་འབྱུང་རྒྱུ་དང་། ད་ལྟ་ལས་གཞིའི་སུམ་ཆའི་གཅིག་གྲུབ་ཡོད་ཅིང་། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་ཀླུ་ཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་གཞིར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་། 

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།