ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7བརྒྱབ་ནས་མི21ལ་རྨས་སྐྱོན་ཕོག་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་ཆུ་ཚོད01དང་སྐར་མ56ཐོག་ཀན་སུའུ་བསང་ཆུ་རྫོང(བྱང་འཕྲེད་ཏུའུ་35.10དང་ཤར་གཞུང་ཏུའུ་102.69)ལ་ས་ཡོམ་རིམ་པ་5.7བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་ལ་སྟོང་སྨི10ཡོད། ཚེས་28ཉིན་གྱི་ཆུ་ཚོད་18བར་ད་ཐེངས་ཀྱི་ས་ཡོམ་ནང་མི་21ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པའི་ནང་བསང་ཆུ་རྫོང་དུ་མི3དང་གཙོས་གྲོང་ཁྱེར་དུ་མི18ཡོད་པ་རེད། སྨན་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད་གཙོས་གྲོང་ཁྱེར་གྱི་རྨས་མ3སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་ནད་གཞི་བརྟན་པོ་ཡོད་པ་མ་ཟད། དེ་ལས་གཞན་ཀྱི་མི་སྣ་སྨན་ཁང་ནས་ཁ་བྲལ་ཡོད།  

ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་28ཉིན་གྱི་ཆུ་ཚོད18བར་ད་ཐེངས་ཀྱི་ས་ཡོམ་ཁྲོད་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་ཤང་དང་གྲོང་རྡལ་13གྱི་མང་ཚོགས་དུད་ཚང་2097གྱི་སྡོད་ཁང་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པའི་ནང་སྒོ་རའི་གྱང་རྡིབ་པའི་དུད་ཚང17དང་ཁང་པར་གས་སྲུབས་བྱུང་བའི་དུད་ཚང2080ཡོད་པ་རེད།

ས་ཡོམ་གྱིས་གཙོས་གྲོང་ཁྱེར་གྱི་དུད་ཚང788ཡི་མི་1975ལ་གནོད་འཚེ་ཕོག་པ་དང་། ཁང་མིག་1992ལ་སྤྱིར་བཏང་རང་བཞིན་གྱི་གཏོར་སྐྱོན་ཕོག་པ་དང་། ཁང་མིག5དང་གསང་སྤྱོད་ཁང2རྡིབ་ལ། དུད་ཚང4ཡི་གྱང་ར་རྡིབ་ཡོད།  

མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། འགྲིམ་འགྲུལ་དང་ཆུ་མཁོ་འདོན། གློག་མཁོ་འདོན། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།