ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་ཞི་ལིང་སྡེ་བས་སྒོག་པ་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་སྦྲ་རྫོང་གྲོང་རྡལ་ཞི་ལིང་སྡེ་བའི་སྒོག་པ་འདེབས་འཛུགས་ཀྱི་ཞིང་ཁ་རུ་བསྐྱོད་པ་ན། སྔོ་ལྡེམ་ལྡེམ་གྱི་སྒོག་མྱུག་དེ་ཉི་འོད་འོག་ན་རླུང་གིས་ལྡེམ་བཞིན་ཡོད་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་འདུག 

ཞི་ལིང་སྡེ་བ་ནི་ཞིང་ཆེན་རིམ་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་སྡེ་བ་ཡིན་ལ། སྡེ་བ་ཡོངས་ལ་ཞིང་ཁྱིམ187དང་མི་གྲངས792ཡོད་པ་དང་། ས་ཞིང་གི་རྒྱ་ཁྱོན་ལ་མུའུ1944ཡོད། ཞི་ལིང་སྡེ་བ་ལ་སྔར་ནས་བཟུང་སྒོག་པ་འདེབས་འཛུགས་བྱེད་པའི་སྲོལ་རྒྱུན་ལེགས་པོ་ཞིག་ཡོད་པ་རེད། ས་ཆ་འདི་མཚོ་ངོས་ལས་མཐོ་ཚད་སྨི2300ནས2600ཡི་བར་ཡིན་ལ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ཞིང་། ས་རྒྱུ་གཤིན་པས་ཞིང་ལས་ལོ་ཏོག་རིགས་སྣ་ཚོགས་སྐྱེ་འཚར་ལ་འཚམ་པོ་ཡོད་པ་དང་། ལྷག་པར་དུ་སྒོག་པ་སྐྱེ་འཚར་བྱེད་པར་འཚམ་པོ་ཡོད། ཞི་ལིང་སྡེ་བས་འདེབས་འཛུགས་བྱས་པའི་སྒོག་ཆེན་ནི་ཁ་ལ་ཞིམ་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པ་དང་། སྨན་དུ་བཀོལ་བའི་རིན་ཐང་ཆེན་པོ་ལྡན་པས་འབྲུག་ཆུའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་ཡིན

སྒོག་པ་འདེབས་འཛུགས་བྱེད་པའི་ཐོན་ལས་རྒྱ་བསྐྱེད་དུ་གཏོང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པ། གཞི་ཁྱོན་ཆུང་བ་དང་འདེབས་འཛུགས་ཁ་ཐོར་ཡིན་པའི་རྣམ་པ་བསྒྱུར་ཆེད། ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་བརྩོན་སྒོས་འཚོལ་ཞིབ་དང་ལག་ལེན་བྱས་པ་དང་། “བསྒྱུར་གསུམ”བཅོས་སྒྱུར་དང་ཟུང་འབྲེལ་བྱས་ཏེ། “སྡེ་བ་གཅིག་ལ་སྲིད་ཇུས་གཅིག”དང“སྡེ་བ་གཅིག་ལ་ཐོན་རྫས་གཅིག”གི་རྩ་དོན་ལྟར། ཧུར་བརྩོན་སྒོས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ཤིང་། ཚོང་རའི་གནས་ཚུལ་དང་བསྟུན་ཏེ། “མཉམ་ལས་ཁང+ཞིང་ཁྱིམ”གྱི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཏུ་བསྐྱོད་པ་རེད། བེད་མེད་ས་ཞིང་འཁོར་རྒྱུག་བྱས་པ་བརྒྱུད་དེ། དབུལ་ཕོངས་ཁྱིམ་ཚང44སྐུལ་ཁྲིད་བྱས་ནས་ས་ཞིང་མ་རྐང་དུ་འཇོག་པའི་རྣམ་པ་སྤྱད་དེ་ཤུགས་ཆེན་པོས་སྒོག་པ་འདེབས་འཛུགས་བྱེད་པའི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་སུ་བཏང་།

ད་ལོའི་དཔྱིད་ཀ་བཏབ་ནས་དབྱར་ཁ་བསྡུ་བའི་སྒོག་པ་ས་མུའུ400ལ་ཐོན་ལེགས་བྱུང་ཡོད་ལ། ཕལ་ཆེར་ཟླ5བ་དང6པའི་ནང་དུ་སྒོག་དྲེག་གསར་བ་ཁྲོམ་རར་འདོན་སྤྲོད་བྱ་ཐུབ་པ་དང་། ཟླ7པ་ནི་སྒོག་པ་བསྡུ་བའི་དུས་ཚིགས་ཡིན་ལ། སྔོན་དཔག་བྱས་ན་ས་མུའུ་གཅིག་ནས་སྒོག་པ་རྒྱ་མ500ཡི་ཡན་ཐོན་ཐུབ་པ་དང་ཡོང་འབབ་སྒོར2500ཡོད་སྲིད་པ་རེད། ས་ཞིང་མ་རྐང་དུ་བཞག་པ་ལྟར་ཁེ་སྤོགས་བགོས་ན་ཁྱིམ་ཚང་རེར་སྒོར་ཁྲི་གཅིག་ཡན་གྱི་ཡོང་འབབ་ཐོབ་ཐུབ། སྒོག་པ་འདེབས་འཛུགས་བྱེད་པའི་ལས་རིགས་དེས་ཞི་ལིང་སྡེ་བ་ལ་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་བཏོད་པ་མ་ཟད། ཞི་ལིང་སྡེ་བ་དབུལ་ཐར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།