ཀྲུང་གོ་བོད་ཀྱི་དྲ་བ།

དཔའ་རིས་སངས་རྒྱས་ཀྱི《བོད་ཡིག་ཀུན་ཁྱབ་མིང་མཛོད》པར་དུ་བསྐྲུན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཔའ་རིས་སངས་རྒྱས་མཆོག་གིས་བསྒྲིགས་པའི《བོད་ཡིག་ཀུན་ཁྱབ་མིང་མཛོད》ཅེས་པ་ད་ལྟ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ཏེ་མི་འགྱངས་པར་ཚོང་རར་དགྲམ་རྒྱུ་རེད།

《བོད་ཡིག་ཀུན་ཁྱབ་མིང་མཛོད》ཀྱི་ཁྱད་ཆོས།

གཅིག མིང་མཛོད་ཁྲོད་ཀྱི་མིང་བརྡ་ཕལ་ཆེ་བ་སྒྲིག་མཁན་ཁོང་གིས་དགུང་ལོ་བརྒྱད་ཅུ་ལྷག་གི་སྐུ་ཚེ་རིང་མོ་འདིར་བོད་ཀྱི་སྐད་དང་ཡི་གེའི་སློབ་གསོ་དོན་དུ་གཉེར་བའི་ཐུགས་དགོངས་ཟབ་མོ་ལས་སྨིན་པའི་འབྲས་བཟང་ཤ་སྟག་ཡིན་པ།

གཉིས། ད་ཡོད་བོད་ཀྱི་མིང་མཛོད་ཕལ་ཆེ་བའི་ལེགས་ཆ་གང་འཚམ་དག་ཅི་ནུས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ཤིང་དེང་རབས་གསར་བྱུང་གི་ཐ་སྙད་མང་པོས་ཟུར་བརྒྱན་ནས་འདུག་པས་མིང་མཛོད་ཀྱི་སྤུས་ལེགས་ཤིང་བརྗོད་བྱའི་ཁ་ཚང་བ།

གསུམ། ནང་དོན་གྱི་ཆ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་རིགས་དབྱེ་ངོ་བོ་མི་གཅིག་པའི་བྱ་དངོས་མང་པོ་འདུས་པས་བོད་ཀྱི་རིག་བརྒྱའི་གཏེར་མཛོད་ཅིག་ཏུ་གྲུབ་ཡོད་པ།

བཞི། སྒྲིག་རྩོམ་གྱི་དུས་ཡུན་ཆེས་རིང་བ་སྟེ། མིང་མཛོད་འདི་ཉིད་སྒྲིག་མགོ་བརྩམས་པ་ནས་ད་ལོའི་དཔར་བསྐྲུན་གྱི་བར་དུ་ཁོང་དགུང་ལོ་ཧ་ཅང་བགྲེས་པས་འགྲོ་འདུག་ལ་སྟབས་བདེ་མིན་ཀྱང་ཉིན་དང་མཚན་ལམ་རིང་མོར་མིང་མཛོད་ཀྱི་བྱ་བ་ཁོ་ན་ཐུགས་ལ་བརྣགས་ཤིང་། ལུས་སེམས་ཟུང་གི་དཀའ་སྡུག་མང་པོ་འདིའི་ཆེད་དུ་ཕངས་མེད་དུ་བཏང་བ།

ལྔ། མིང་མཛོད་ནང་དུ་དྲངས་པའི་མིང་བརྡ་དང་ཐ་སྙད་ཡོད་དོ་ཅོག་རང་སྣང་གང་དྲན་གྱིས་གསར་བཟོ་བྱས་པ་ཙམ་མ་ཡིན་པར་བོད་རང་གི་སྐད་དུ་གདོད་ནས་མཆིས་པའི་མིང་དག་ཡིན་པ་དང་། འགྲེལ་བཤད་རྣམས་ལའང་ཚིག་ཉུང་དོན་འདུས་སོགས་བོད་སྐད་ཀྱི་ཁྱད་ཆོས་མངོན་པར་ཐོན་འདུག་པ།

2.jpg

དྲུག མིང་བརྡའི་འཚོལ་ཀློག་གི་གོ་རིམ་ཁྲོད་འཚོལ་བ་པོ་དང་ཀློག་པ་པོ་རྣམས་ལ་ཆེད་དུ་དམིགས་པའི་འཚོལ་སླ་ཀློག་བདེ་དང་། བལྟས་མ་ཐག་ཏུ་དོན་གྱི་གོ་བ་གསལ་བོར་མྱུར་མོར་རྟོགས་ཐུབ་པའི་སྟབས་བདེའི་གོ་ཆོད་བསྐྲུན་འདུག་པ།

བདུན། མིང་བརྡའི་རྒྱ་འགྱུར་མ་དག་གནད་དུ་འཁེལ་ཞིང་ཐོག་མཐའ་ཀུན་ཏུ་ལོ་ཙཱའི་གཞུང་ལུགས་ཀྱི་དགོངས་པ་དང་ཟུར་ཙམ་ཡང་བྲལ་མེད་པས་སྒྲིག་མཁན་ཁོང་གི་རྒྱ་ཡིག་གི་གཏིང་ཚད་དང་ལོ་ཙཱའི་ཉམས་མྱོང་གི་ཆེ་བའམ་ཟབ་པ་ཀུན་ནས་མཚོན་པ།

བརྒྱད། དེ་སྔའི་མིང་བརྡ་དང་ཐ་སྙད་གཅིག་གྱུར་བྱུང་མེད་པ་རྣམས་དཀའ་ཚེགས་ལ་མ་འཛེམས་པར་ཚད་ལྡན་དུ་བཏང་ཡོད་པར་མ་ཟད། རྒྱ་ཡིག་གི་ཤན་སྦྱར་ཟུར་བཀོད་གནངས་པ་དེས་འབྱུང་འགྱུར་བོད་ཀྱི་མིང་མཛོད་རྣམས་དག་པ་དང་གསལ་བ་དང་ལེགས་པ་གསུམ་ལྡན་དུ་འཕེལ་བར་གལ་ཆེའི་ཕན་ནུས་བཏོན་ཡོད་པ།

དགུ། མིང་མཛོད་འདིར་བསྡུས་པའི་ཐ་སྙད་ཕལ་ཆེ་བ་ཞིག་མིག་སྔར་བོད་ཁུལ་དུ་བོད་ཡིག་བཀོལ་སྤྱོད་ཀྱི་གནས་ཚུལ་དངོས་དང་ཡོངས་སུ་བསྟུན་ཏེ། སྔར་མེད་པའི་ཐ་སྙད་དག་གང་ལ་གང་འཚམ་ལྟར་ཁ་གསབ་གནངས་འདུག་ཅིང་། དེ་ལས་ཀྱང་རང་རེའི་འཚོ་བའི་རྒྱུན་སྤྱོད་ཐ་སྙད་དག་དམིགས་སུ་བཏོན་འདུག་པ།

བཅུ། 《བོད་ཡིག་ཀུན་ཁྱབ་མིང་མཛོད》ཅེས་བྱ་བ་འདི་སྒྲིག་པ་པོ་ཁོང་གིས་སྐུ་ཚེ་རིང་མོ་འདིར་བོད་ཀྱི་སྐད་དང་ཡི་གེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་ཐད་དུ་དཀའ་སྡུག་གང་མང་ལ་བརྗེས་པའི་མཐའ་མའི་ལེགས་སྐྱེས་རྩ་ཆེན་ཞིག་ཏུ་ངེས་པ་དང་བཅས་སོ། །

ནུབ་བྱང་གཙུག་ལག་ཚོམ་བུའི་གཞིར། །

ལུས་སེམས་སློབ་གསོས་མ་ངལ་བའི། །

བརྒྱད་ཅུའི་བགྲེས་སོང་དཔའ་རིས་པ། །

སྐྱེས་མཆོག་ཁྱེད་ལ་གུས་འདུད་བཅས། །

ལོ་མང་བསགས་པའི་དཀའ་བའི་ནོར། །

དཔར་དུ་བསྐྲུན་པའི་དགེ་མཚན་དཔྱིད། །

གངས་ཅན་རིག་གཞུང་ཉེར་མཛེས་པའི། །

དགེ་མཚན་རྟེན་འབྲེལ་མཛེས་གྱུར་ཅིག །

3.jpg

སློབ་དཔོན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ནི། 1931ལོར་མདོ་སྨད་དཔའ་རིས་སུ་འཁྲུངས། 1951ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་དུ་ཕྱིན་ནས་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་ལ་སྦྱང་འབྲས་ཕུལ་དུ་བྱུང་བ་བླངས། 1954ལོར་སློབ་མཐར་ཕྱིན་ཏེ་གནས་དེར་ལས་གནས་ལ་ཞུགས།  1955ལོར་ཀན་ལྷོ་མི་རིགས་སློབ་འབྲིང་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་དུ་ཞུགས་པ་དང་། བསླབ་དེབ་སྒྲིག་ཚན་གྱི་འགན་ཁུར་དང་དུ་བླངས་ཤིང་། བྲེལ་ཚེགས་ཆེ་བའི་སློབ་ཁྲིད་ཀྱི་ཞོར་དུ་སློབ་གྲྭའི་བོད་ཡིག་བསླབ་དེབ་དྲུག་དང་། གཞན་སློབ་ཆུང་གི་བསླབ་དེབ་བཅུ་ཐམ་པ་བསྒྲིགས། 1978 ལོར་ཁོང་ཉིད་སླར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་གདན་དྲངས། སྔ་ཕྱིར་བོད་ཡིག་སྡེ་ཚན་གྱི་དགེ་རྒན་དང་ཞུབ་འཇུག་སློབ་མའི་མཛུབ་སྟོན་པའི་འགན་བཞེས་པ་སོགས་རྟག་ཏུ་ཆེ་གྲག་སྙན་གསུམ་གྱི་བགྱི་བ་བོར་ཏེ། མཁས་པའི་བྱ་བ་རྣམ་གསུམ་མི་ཚེའི་མཆོག་ཏུ་བཟུང་ནས་མི་རིགས་ཀྱི་རིག་གནས་ལ་ཕན་ངེས་སུ་གྱུར་བའི་ལྗགས་རྩོམ་རྒྱལ་ཡོངས་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་བསླབ་གཞི་རུ་གྱུར་བའི《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》དང《སྡེབ་སྦྱོར་རིག་པའི་སྲོལ་འབྱེད》། 《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན》། 《དག་ཡིག་རིག་པའི་གབ་པ་མངོན་ཕྱུང》། 《དཔེ་ཆོས་རྣ་བའི་བདུ་རྩི》། 《དཔེ་ཆོས་ཚིག་མཛོད》སོགས་དང་། དཔྱད་རྩོམ་གྱི་སྐོར་ལ་སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་གཏེར་མཛོད་ཆེ་ཤོས་ཡིན་ཞེས་པ་དང་། བྱ་བའི་མིང་གི་རིགས་གསུམ་གྱི་དབྱེ་བ་དང་འབྲེལ་བའི་ངེས་སྲོལ་རྣམ་པར་བཤད་པ། བོད་ཡིག་གི་བྱུང་རབས་དང་རྩོད་གཞིའི་མཐའ་དཔྱད་པ། བོད་ཀྱི་སྒྱུ་རྩལ་རྩོམ་པའི་ཁོག་འབུབས། ཐབས་ཤེས་ཟུང་འཇུག་གི་བསླབ་དེབ། མངོན་བརྗོད་ཀྱི་བྱུང་རབས་དང་ཕན་ཡོན། ངག་གི་སྒྱུ་རྩལ་བང་མཛོད་གེ་སར་སྒྲུང་ཟུར་ཙམ་གླེང་བ། བོད་འགྱུར་དུ་བྱ་བའི་མིང་གི་སྦྱོར་བ་ཉོག་ཚུལ་དག་པར་བྱ་བར་རེམ་རེམ་ཞེས་པ་སོགས། དེ་བཞིན་བསྒྱུར་རྩོམ་ལ《ཚན་རིག་རྒྱུན་ཤེས་མ》། གཞན་དཔལ་རིའི་རབ་གསལ་གྱི་གསུང་འབུམ་དང་། བླ་མ་དཀར་པོའི་རྣམ་ཐར། གླིང་སྒྲུང《ལྷ་གླིང》སོགས་ཞུས་དག་གུང་བསྒྲིགས་གནང་བ་དང་། ལྷག་པར་དུ1984ལོ་དང1986ལོ་ལ་སྔ་རྗེས་སུ་ཀན་སུའུ་མི་རིགས་པར་སྐྲུན་ཁང་ནས་བསྐྲུན་པའི་གླིང་རྗེ་གེ་སར་སྐྱེས་བུ་ཆེན་མོའི་རྣམ་ཐར་བསྟོད་སྒྲུང《གྲུ་གུ་གོ་རྫོང》མི་འདྲ་བ་དུ་མའི་ནང་ནས་རྙིང་ཤོས་དང་ལེགས་ཤོས། དེབ་ཆེན་སྟོད་སྨད་བཞིས་གྲུབ་པ་ཁྱོན་ཤོག་ངོས(1799)ཅན་དེ་དག་སྒྲིག་ལེགས་བཅོས་གནང་བ་ནི། དཔའ་བོ་གླིང་གི་རྣམ་སྒྲུང་སྲུང་སྐྱོབ་ལེགས་སྐྲུན་གྱི་མིག་དཔེ་ལྟ་བུ་བཟོས་འདུག་པ་སོགས་བྱས་རྗེས་དང་གཟི་བརྗིད་ཀྱི་མི་ཚེ་ཡོངས་སུ་འཁྱོངས་བཞིན་ད་ལྟ་ཡང་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།