ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་འབྲུག་ཆུ་རྫོང་དུ་ཐོན་པའི་རི་ཉིལ་བའི་གནོད་འཚེ་ཛ་དྲག་ངང་ཐག་གཅོད་བྱེད་བཞིན་པ།

ཡོང་ཁུངས། : བོད་ལྗོངས་འཕྲིན་དྲ།     སྤེལ་དུས། : 2018-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཟླ7པའི་ཚེས8ཉིན་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱི་ཐན་ཤུལ་དང་། ནུབ་འཇགས། ཀན་ལྷོ། ལུང་ནན་སོགས་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཐོན་ཡོད། ཚེས13ཉིན་གྱི་ཆུ་ཚོད21བར་གྲོང་ཁྱེར་དང་ཁུལ8ཀྱི་རྫོང་དང་ཆུས44ཡི་མི་ཁྲི187.91ལ་གནོད་འཚེ་ཕོག་པ་དང་། མི14རྐྱེན་ལམ་དུ་ཤོར་བ། མི4གར་སོང་ཆ་མེད་དུ་གྱུར་པ། མི་ཁྲི3.16ཛ་དྲག་གནས་སྤོ་བཅས་བྱས་ཡོད།

ཚེས14ཉིན་གྱི་ཐོ་རེངས་སུ་ཀན་སུའུ་ཞིང་ཆེན་རང་ཨུ་ཡིས་འབྲུག་ཆུ་རྫོང་གཙང་ཀླད་བྲག་མགོ་རི་ཉིལ་ས་རྡིབ་གནོད་འཚེ་མྱུར་སྐྱོབ་གེགས་སེལ་བཀོད་འདོམས་པུའུ་བཙུགས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་འབྲུག་ཆུ་རྫོང་གཙང་ཀླད་བྲག་མགོའི་རི་ཉིལ་ས་རྡིབ་ཀྱི་ཉེན་ཁའི་གནས་ཚུལ་ཐག་གཅོད་ཧུར་ཐག་བྱས་པ་རེད། ཚེས14ཉིན་གསར་འགོད་པས་གནོད་འཚེ་ཕོག་ཁུལ་དུ་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་གནོད་འཚེའི་ཉེན་ཁའི་གནས་ཚུལ་བརྟག་དཔྱད་བྱས་པ་དང་། ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་ནས་ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་དང་རྒུད་སྐྱོབ་དང་གནོད་འཚེ་ཉུང་གཏོང་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་པ་མཐོང་བྱུང་།

འབྲུག་ཆུ་རྫོང་སྲིད་གཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ཤས་བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་ཚེས12ཉིན་གྱི་སྔ་དྲོ་འབྲུག་ཆུ་རྫོང་ནན་ཡུས་ཤང་གཙང་ཀླད་བྲག་མགོའི་ཁུལ་དུ་གློ་བུར་དུ་རི་ཉིལ་བ་དང་ས་རྡིབ་པའི་གནོད་འཚེ་ཐོན་ནས་འབྲུག་དཀར་གཙང་པོར་སྨི་རྒྱ་དཔངས་གྲུ་བཞི1ཙམ་གྱི་ས་འཁྱིལ་ཡོད་པ་རེད། ཚེས13ཉིན་གྱི་ཕྱི་དྲོའི་བར་གཙང་པོའི་ཁ་ཞེང་སྨི་5ལས་མེད་པ་དང་། གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ཁ་སྨི་7ནས་8བར་རྒྱས་པར་བརྟེན། ས་བབ་དམའ་བའི་ཉེ་འགྲམ་གྱི་གྲོང་ཚོ་དང་པོ་དང་གྲོང་ཚོ་གཉིས་པའི་གྲོང་མིའི་ཁང་མིག135ནང་དུ་ཆུ་འཛུལ་བ་རེད། སྔོན་བརྡ་གཏོང་བ་དང་དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ཐག་གཅོད་བྱས་པར་བརྟེན་མང་ཚོགས་ཤི་རྨས་སམ་ཡང་ན་གར་སོང་ཆ་མེད་ཀྱི་གནས་ཚུལ་ཐོན་མེད།

ཚེས8ཉིན་ནས་ཚེས11ཉིན་བར་ཀན་སུའུ་ཞིང་ཆེན་དབུས་ཤར་ས་ཁུལ་དུ་དྲག་ཆར་བསྟུད་མར་བབས་པར་བརྟེན། ཀླུང་ལྷོ་གྲོང་ཁྱེར་དང་། ཐན་ཤུལ་གྲོང་ཁྱེར། ནུབ་འཇགས་གྲོང་ཁྱེར། ཀན་ལྷོ་ཀྲོའུ་སོགས་གྲོང་ཁྱེར(ཀྲོའུ)8ལ་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ཡོད། ཀླུང་ལྷོ་གྲོང་ཁྱེར་ཝུན་རྫོང་དང་ཀན་ལྷོ་ཀྲོའུ་འབྲུག་ཆུ་རྫོང་སོགས་ནས་ཕྱིར་སྐྱོད་སའི་གཞུང་ལམ་ཚང་མ་འགགས་པ་དང་ཝུན་རྫོང་པི་ཁའོ་གྲོང་རྡལ་གྱི་ས་ཆ་མང་པོ་ཆུས་བསྣུབས་པ་རེད།

གནོད་འཚེ་ཕོག་རྗེས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ལ་དྲག་ཆར་ཆེན་པོ་བབས་ནས་ཆུ་ལོག་གི་གནོད་འཚེ་ཐོན་པར་དམིགས་ནས། རྒྱལ་ཁབ་ཀྱིIVརིམ་པའི་རྒུད་སྐྱོབ་འཕྲལ་སྡོམ་ཇུས་གཞི་ལག་བསྟར་བྱས་པ་དང་འབྲེལ་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཡུལ་དུ་ལྟ་ཞིབ་བྱེད་པར་བཏང་བ་རེད། ཚེས13ཉིན་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཁྲེང་ཏུའུ་མཛོད་ཁང་དང་ལན་ཀྲོའུ་མཛོད་ཁང་ནས་གནོད་འཚེ་ཕོག་ཁུལ་ལ་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་གཏོང་འདྲེན་བྱས་པ་རེད།

ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི839སྤྲད་པ་དང་། ཀན་ལྷོ་དང་ཐན་ཤུལ་སོགས་གྲོང་ཁྱེར་དང་ཀྲོའུ་5ལ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི5310བཏང་བ་དེ་དག་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་སྤྱད་ཅིང་། གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་ཀྱང་ནུས་ཤུགས་ཡོད་རྒུས་གཞུང་ལམ་ཉམས་བཟོ་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།