ཀྲུང་གོ་བོད་ཀྱི་དྲ་བ།

【ཐོག་མའི་བསམ་འདུན་མ་བརྗེད་པར་ཀན་ལྷོར་ཕྱིར་ལྟ་བྱེད】སེམས་ནུས་གཅིག་སྒྲིལ་གྱིས་བརྩེ་སེམས་ཕྱོགས་བཞིར་གཏོར།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཝང་ཞིན་ཁོན་གྱིས་ས་གནས་དེ་གའི་སྨན་བཅོས་མི་སྣར་འབྲེལ་ཡོད་ནད་བརྟག་སྨན་བཅོས་ཀྱི་ཤེས་བྱ་འགྲེལ་བཤད་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན་ནས་ཚེས10ཉིན་བར། 2018 ལོའི“སེམས་མཐུན་ཏེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་སྨན་བཅོས་ཆེད་མཁས9ཡིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཐོ་ཡན་ཤང་ལྟེ་བའི་འཕྲོད་བསྟེན་ཁང་དུ་དུས་ཡུན་ཉིན་གཉིས་རིང་གི་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ནས་ཁྱོན་བསྡོམས་མི་གྲངས700ལྷག་ཙམ་ལ་འོས་འགན་སྨན་བཅོས་གནང་པ་རེད།

ཆེད་མཁས་རྣམས་ཀྱིས་ས་མཐོར་མི་འཕྲོད་པ་དང་དེ་བཞིན་ཞག་སྡོད་ཀྱི་ཆ་རྐྱེན་ཞན་པའི་དཀའ་ངལ་ཁྱད་དུ་བསད་དེ།ཉིན་གཉིས་ཀྱི་དུས་ཚོད་རིང་ཐོ་ཡན་ཤང་དུ་ཟ་འཐུང་དང་གནས་སྡོད་བྱས་པ་ཡིན་ལ།རང་གི་ནུས་ཚོད་ཀྱིས་ས་གནས་དེ་གའི་མང་ཚོགས་ཀྱི་ཆེད་དུ་འོས་འགན་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས།སྨན་བཅོས་སྨན་སྐྱེལ་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྲུང་ནུབ་གསོ་རིག་ཟུང་འབྲེལ་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཞིན་ཁོན་གྱིས་མཛེས་སྡུག་ལྡན་པའི་ཐོ་ཡན་ཤང་གི་རི་མཐོ་ལ་ལམ་ཐག་རིང་ཞིང་།དགོས་ངེས་ཀྱི་སྨན་བཅོས་སྒྲིག་ཆས་དཀོན་པ་དང་།སྨན་བཅོས་ཤེས་ལྡན་མི་སྣ་མ་འདང་བའི་དབང་གིས་མང་ཚོགས་ཀྱིས་སྨན་པ་བསྟེན་པར་ད་དུང་དཀའ་ངལ་མང་པོ་འཕྲད་འདུག་ཅིང་།རྒྱུན་མཐོང་ནད་གཞི་དང་ཕོག་སླའི་ནད་རིགས་ལ་སྨན་བཅོས་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། “སྤྱིར་དུ་ལམ་ཐག་རིང་ཁར་ཆ་རྐྱེན་ཞན་མོད་སྨན་བཅོས་ལས་དོན་པར་མཚོན་ན་ལྷག་དོན་ས་གནས་དེ་འདྲར་ང་ཚོས་སྔར་ལས་བརྩེ་བ་ཆེན་པོ་ཕུལ་དགོས་ཤིང་། བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཞབས་ཞུ་བྱེད་པ་དང་། སྨན་བཅོས་དབུལ་སྐྱོར་བྱ་གཞག་ཆེད་ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་འབུལ་དགོས”ཞེས་བརྗོད་བྱུང་།

༢.jpg

ཁྲེན་ཅི་ཁྲའོ་དང་སྨན་བཅོས་མང་ཚོགས་ཀྱིས་བསམ་ཕྱོགས་བརྗེ་རེས་བྱེད་བཞིན་པ།

པེ་ཅིང་སློབ་ཆེན་བར་སྣང་འཕུར་སྐྱོད་ལྟེ་གནས་སྨན་ཁང་གི་དབུགས་རྔུབ་གཏོང་ཚན་ཁག་གི་ཀྲུའུ་རེན་ཁྲེན་ཅི་ཁྲའོ་ཡིས།དུས་ཡུན་ཉིན་གཉིས་རིང་གི་ཡུལ་དངོས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དེས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཐད་ཞན་ཆ་མང་དག་ཅིག་ཡོད་པ་དང་།སྨན་བཅོས་སྒྲིག་བཀོད་ཆ་རྐྱེན་ཐད་ཅི་མགྱོགས་སྒོས་ཤུགས་སྣོན་བྱེད་དགོས་པ་ཚོར་ཐུབ་ལ།མང་ཚོགས་ཀྱིས་ནད་ཀྱི་ངོས་འཛིན་ཚད་དམའ་བའི་དབང་གིས་ཁོ་ཚོས་ན་ཚ་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཁྲོད་ལམ་ཀྱོག་མང་པོར་ཕྱིན་ཡོད་ཅིང་།སྨན་པ་དང་སྨན་རྫས་དཀོན་པ་དང་ནད་གཞི་གསོ་བཅོས་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་གྱིས་ནད་བཅོས་གྲུབ་འབྲས་ ལ་ཤུགས་རྐྱེན་ཐེབས་ཤིང་ཐ་ན་ནད་གཞི་ཇེ་ལྗིད་དུ་འགྲོ་དགོས་བཞིན་ཡོད་པ་རེད་ཅེས་བསྟན་བྱུང་།

ཁྲེན་ཅི་ཁྲའོ་ཡིས“ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོར་ང་ཚོས་སེམས་ནུས་གང་ལྕོགས་ཀྱིས་ལས་དོན་སྒྲུབ་པ་དེས་ས་གནས་དེ་གའི་མང་ཚོགས་ཀྱི་སྨན་བཅོས་དང་བདེ་ཐང་གི་གནད་དོན་ཐག་གཅོད་ཏན་ཏིག་གནང་ཡོད་ལ།་ཕྱིར་ལོག་རྗེས།ད་རེས་ཀྱི་འོས་འགན་སྨན་བཅོས་ཀྱི་ཉམས་མྱོང་སྒྲིག་འཛུགས་ཨུ་ལྷན་དང་སྨན་ཁང་གི་འབྲེལ་ཡོད་འོས་འགན་སྨན་བཅོས་བྱེད་སྒོའི་ཁྲོད་བརྒྱུད་སྤྲོད་བྱེད་རྒྱུ་དང་།དེ་བས་མང་པོའི་སྤྱི་ཕན་བྱེད་སྒོ་ཅི་རིགས་ཁྲོད་ཞུགས་ཏེ་སྨན་བཅོས་དབུལ་སྐྱོར་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་གང་ནུས་འབུལ་རྒྱུའི་རེ་བ་ཡོད” ཅེས་བརྗོད་བྱུང་།

༣.jpg

སྨན་བཅོས་ཆེད་མཁས་ཅན་དང་ཐོ་ཡན་ཤང་ལྟེ་བའི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་བཞུགས་མོལ་གནང་བཞིན་པ།

ཐོ་ཡན་ཤང་ལྟེ་བའི་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཅ་ཧུང་ཅེ་ཡིས་སྨན་བཅོས་ཆེད་མཁས་རྣམས་ཀྱིས་ལམ་ཐག་རིང་པོ་བརྒལ་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོས་ཆེད་མཁས་རྣམས་ཕེབས་པ་དེས་ས་གནས་དེ་གའི་མང་ཚོགས་ལ་སྨན་རྫས་མང་པོ་ཁྱེར་ཡོང་ཡོད་ལ། བདེ་ཐང་ཐད་ཀྱི་ཤེས་བྱ་ཡང་ཁྱེར་ཡོང་ཡོད་པ་རེད།དེ་བས་གོ་སྐབས་འདི་དང་བསྟུན་ནས་ཆེད་མཁས་རྣམས་དང་ཡུན་རིང་སྤེལ་རེས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ།ས་གནས་དེ་གའི་སྨན་དོན་པའི་སྨན་བཅོས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་འདོད་པའི་རེ་བ་ཡོད་ཅེས་བསྟན་བྱུང་།

འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཡུལ་དངོས། ཆེད་མཁས་རྣམས་ཀྱིས་ཀྱང་བསྟུད་མར་རྗེས་ཕྱོགས་ཀྱི་བྱ་བའི་སྟེང་དུ་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་དང་།ཁ་པར་དང་སྐད་འཕྲིན་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲ་ཐོག་ནས་བསམ་ཕྱོགས་བརྗེ་རེས་གནང་ནས་དུས་ཐོག་ཏུ་ས་གནས་དེ་གའི་སྨན་དོན་མི་སྣའི་ལས་ཀ་དངོས་ཀྱི་ནང་སྨན་བཅོས་གནད་དོན་ཐག་གཅོད་བྱེད་ངེས་ཞེས་བསྟན་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།