ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་འགྲིམ་འགྲུལ་གྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་རྫོང་གི་གནས་ཚུལ་དངོས་ལ་གཞིགས་ནས་འཆར་འགོད་གང་ལེགས་བྱས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་གོང་སྤེལ་དང་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པའི་གོ་སྐབས་དམ་པོར་བཟུང་ནས། ཝུ་མྱུར་བགྲོད་གཞུང་ལམ་གྱི་འབྲུག་ཆུའི་མངའ་ཁོངས་ཀྱི་དུམ་ཚན་དང་། རྒྱལ་ལམ345བའི་ཧྥུན་ཏས་ནས་འདོད་དགུ་དགོན་བར་གྱི་གཞུང་ལམ། འབྲུག་ཆུ་ནས་སི་ཁྲོན་ཡུང་ཧོ་བར་གྱི་གཞུང་ལམ་སོགས་འགྲིམ་འགྲུལ་གཞུང་ལམ་གྱི་གཙོ་གནད་ལས་གཞི་ཁག་ཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ངག་རྒྱུན་དུ“བཤིག་སྤོའི་ས་ཆ་བསྡུ་ལེན་ནི་གནམ་འོག་གི་དཀའ་རྙོག་ཆེས་ཆེ་བའི་དོན་དག་ཡིན”པའི་བཤད་སྲོལ་ལྟར། བཤིག་སྤོའི་གནས་ཚུལ་ཛ་དྲག་ཆེ་ལ་འགན་འཁུར་ལྕི་བ་དང་། གཞུང་ལམ་འཛུགས་སྐྲུན་ལ་དུས་ཚོད་དང་མྱུར་ཚད་དམ་པོར་འཛིན་དགོས་པས། འབྲུག་ཆུ་རྫོང་གིས་བཤིག་སྤོའི་བྱ་བ་བདེ་བླག་ཡོང་བར་འགན་སྲུང་བྱ་ཆེད། རྫོང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་ལས་བགོས་འགོ་ཁྲིད་པས་འགྲིམ་འགྲུལ་སྡེ་ཁག་དང་རྒྱལ་དབང་ས་ཞིང་ཐོན་ཁུངས་ཅུས། འཛུགས་སྐྲུན་ཅུས། ཆུ་གློག་དང་སྤྱི་བདེ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་ཁྲིད་དེ། ཐེངས་མང་པོར་ཡུལ་དངོས་སུ་སོང་ནས་རྒྱུས་ལོན་དང་བཀོད་སྒྲིག་བྱས་ཤིང་། བཤིག་སྤོའི་ས་ཆ་བསྡུ་ལེན་ཁྲོད་དུ་གནས་པའི་གནད་དོན་གཙོ་བོ་ཐག་བཅད་པ་མ་ཟད། རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་པོའི་བྱ་བའི་སྟོབས་ཤུགས་རྩ་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། དྲིལ་བསྒྲགས་སྒོ་བྱང་དང་འཕྲེད་འགེལ་སྦྱར་ཡིག་སོགས་སྦྱར་ཏེ། འགྲིམ་འགྲུལ་གཞུང་ལམ་དེ་དག་གི་འཛུགས་སྐྲུན་གཞི་ཁྱོན་དང་བྱ་བའི་མྱུར་ཚད། སྤྱི་ཚོགས་ཀྱི་ཕན་འབྲས་སོགས་དྲིལ་བསྒྲགས་བཟང་བོ་བྱས་པ་དང་། བཤིག་སྤོའི་ས་ཆ་བསྡུ་ལེན་སྐོར་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་མང་ཚོགས་ཀུན་ལ་ཤེས་སུ་བཅུག་པས་དེའི་དོན་སྙིང་མང་ཚོགས་ཀྱིས་ངོས་ཟིན་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་གང་ལེགས་བྱས། དུས་མཚུངས་སུ། འབྲུག་ཆུ་རྫོང་སྲིད་གཞུང་གིས་འབྲེལ་ཡོད་ཤང་གྲོང་ལ་བྱ་བའི་དམིགས་འབེན་འགན་འཁྲིའི་ཆིངས་ཡིག་བཞག་སྟེ། རིམ་པ་རེ་རེ་བཞིན་དུ་བྱ་བའི་འགན་འཁྲི་དང་ལེན་བྱས་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་སྲིད་ཇུས་དྲིལ་བསྒྲགས་དང་བསམ་བློ་སྐུལ་སློང་། གྲོས་གཞིའི་ཡི་གེ་སོགས་ཀྱི་དོན་དག་བསྒྲུབས་ནས། འབྲེལ་ཡོད་སྲིད་ཇུས་ཡོད་ཚད་དམིགས་སར་འབྱོར་བ་དང་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལག་ལེན་མཐའ་འཁྱོངས་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།