ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་ནོར་གནག་གི་འོ་མའི་ཐོན་ལས་གཞི་ཁྱོན་ཅན་དུ་གྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། རང་རྒྱལ་གྱི་ནོར་གནག་གི་ཐོན་ཁུལ་གཙོ་བོའི་ཡ་གྱལ་དུ་གྱུར་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ནོར་གནག་གི་འོ་མའི་ཐོན་ཁུངས་ཀྱི་བབ་བཟང་ལ་བརྟེན་ནས། ཤུགས་ཆེན་སྒོས་ནོར་གནག་གི་ཁྱད་ཆོས་ལྡན་པའི་འོ་རྫས་ཐོན་ལས་འཕེལ་རྒྱས་སུ་བཏང་། སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ས་གནས་དེ་གའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་འོག “ཀུང་སི+གཞི་ས+འབྲོག་ཁྱིམ”གྱི་འཁོར་སྐྱོད་བྱེད་སྟངས་དེས་བོད་རིགས་འབྲོག་པ་མང་ཚོགས་ཀྱི་ནོར་གནག་གི་འོ་མའི་མ་བཅོས་རྒྱུ་ཆར་ཁྲོམ་ར་མཁོ་སྤྲོད་བྱས།

དེར་མ་ཟད་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ནོར་གནག་གི་སྤྲི་དཀར་འོ་ཕྱེ་དང་རྫས་སྦྱོར་འོ་ཕྱེ། ཞོ། ཆུར་བ་སོགས་ཀྱི་ཐོན་རྫས་ཀྱང་མུ་མཐུད་དུ་ཐེ་གོ་དང་དུ་རུ་ཁ། མ་ལེ་ཞི་ཡ་སོགས་ཕྱིའི་རྒྱལ་ཁབ་ཀྱིས་མངགས་ཉོ་བྱས། ཕྱུགས་ར་ནས་བཟོ་གྲྭ་དང་དེ་ནས་ཚོང་རའི་བར་གྱི་གོ་རིམ་ཧྲིལ་བོའི་བདེ་འཇགས་ཚོད་འཛིན་མ་ལག་གིས་ནོར་གནག་གི་འོ་མའི་ཐོན་ལས་དེ་གཞི་ཁྱོན་ཅན་དང་སྤུས་ཚད་ཕན་འབྲས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱས་ཤིང་། དེ་ནི་ཀན་ལྷོ་བོད་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་འགྱུར་ལ་སྐུལ་འདེད་ཀྱི་ཡོ་བྱད་ལྟ་བུ་ཞིག་ཏུ་གྱུར་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།