ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། གསར་འགོད་པས་ཡུན་ནན་ཞིང་ཆེན་སློབ་སྡུད་རྒྱུགས་ལེན་ཁང་ནས་ཤེས་གསལ་ལྟར་ན། ཡུན་ནན་ཞིང་ཆེན་གྱི2025ལོའི་སྤྱིར་བཏང་མཐོ་སློབ་ཀྱི་སློབ་སྡུད་ལས་དོན་ལེགས་འགྲུབ་བྱུང་བ་དང་། བསྡོམས་པས་རྒྱུགས་སྤྲོད་མཁན་སློབ་མ་ཁྲི34.8སྡུད་ལེན་བྱས་པ་དང་། སྤྱིའི་སྡུད་ལེན་བྱེད་ཚད་དང་དངོས་གཞིའི་ཚན་ཁག་གི་སྡུད་ལེན་བྱེད་ཚད་བརྟན་བརླིང་ངང་འཕར་ཡོད། སློབ་སྡུད་འཆར་གཞི་ཧུར་ཐག་གིས་བརྩོན་ལེན་དང་། ཁག་བགོས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། རེ་ཞུའི་གྲངས་འབོར་ཇེ་མང་དུ་གཏོང་བ། སྡུད་ལེན་གྱི་དུས་ཡུན་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཏན་ཏིག་སྒོས་ཆེ་རུ་ཕྱིན་ཡོད།
སློབ་སྡུད་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ད་ལོར་ཡུན་ནན་ཞིང་ཆེན་གྱིས་སྡུད་ལེན་གྱི་སྐོར་ཐེངས་དེ་སྔོན་སྡུད་དངོས་གཞིའི་སྐོར་ཐེངས་དང་། དངོས་གཞིའི་སྐོར་ཐེངས། མཐོ་རིམ་དངོས་གཞི་མཐུད་སྦྱོར་སྐོར་ཐེངས། སྔོན་སྡུད་ཆེད་ཚན་སྐོར་ཐེངས། མཐོ་རིམ་ལས་རིགས་ཆེད་ཚན་སྐོར་ཐེངས་སོགས་སྐོར་ཐེངས་ལྔར་ལེགས་སྒྲིག་བྱས་ཤིང་། སློབ་སྡུད་ལས་དོན་གྱི་ཕན་འབྲས་མཐོར་འདེགས་སུ་བཏང་ཡོད། བཅོས་སྒྱུར་བྱས་རྗེས། རྒྱུགས་སྤྲོད་སློབ་མས་སྐོར་ཐེངས་ཁག་གི་ནང་འདེམས་ཆོག་པའི་སློབ་གྲྭའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་རུ་ཕྱིན་པ་དང་། སློབ་མའི་གདམ་གསེས་ཀྱི་གོ་སྐབས་ཆེས་ཆེར་ཇེ་མང་དུ་ཕྱིན་མ་ཟད་རྒྱུགས་སྤྲོད་སློབ་མའི་རེ་འདུན་སྐོང་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད། ཞིང་ཆེན་སློབ་སྡུད་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་གིས་སྡུད་ལེན་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ནས། སྡུད་ལེན་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། ཡིག་ཚགས་གཏོང་བའི་ཆ་རྐྱེན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ཡིག་ཚགས་གཏོང་བའི་ལད་ཟློས་གཞི་གྲངས་བསྡུར་ཚད་ཆེ་རུ་བཏང་བ་དང་།“ཐོག་མའི་ཞིབ་བཤེར་དང་བསྐྱར་བཤེར”གཉིས་ཀྱི་སྡུད་ལེན་ཞིབ་བཤེར་བྱེད་སྟངས་སྤྱད་དེ། སློབ་གླིང་གིས་བཏང་བའི་སྡུད་ལེན་འབྲས་བུ་དང་། ཆེད་ལས་བཀོད་སྒྲིག ཡིག་ཚགས་སྔོན་མངག་ཕྱིར་འཐེན་གྱི་མིང་ཐོ་བཅས་ལ་ཞིབ་བཤེར་དང་ཞིབ་བསྡུར་ཉིས་བརྩེགས་བྱས་པས། ཡིག་ཚགས་གཏོང་བ་དང་སྡུད་ལེན་ཐད་ནོར་འཁྲུལ་མེད་པ་མངོན་འགྱུར་བྱུང་ཡོད།
ཞབས་ཞུའི་ལས་དོན་ཧུར་ཐག་གིས་ལེགས་པར་བསྒྲུབས་ནས་རེ་འདུན་ཐོ་འགོད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་། ཡུན་ནན་ཞིང་ཆེན་གྱིས་སློབ་གྲྭའི་ཆེད་ལས་ཚོགས་ཆུང་གི་རྣམ་པ་གཞིར་བཟུང་། རེ་འདུན་ཐོ་འགོད་ཀྱི་རམ་འདེགས་མ་ལག་རིམ་སྤོར་དང་འཐུས་ཚང་དུ་བཏང་ནས། སློབ་མ་རྣམས་ལ་ཉེ་བའི་ལོ་གསུམ་རིང་མཐོ་སློབ་ཁག་དང་ཆེད་ལས་ཁག་གི་སྡུད་ལེན་སྐར་གྲངས་དང་གོ་གནས་སོགས་ཆ་འཕྲིན་འདྲི་རྩད་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཤིང་། ཁྱོན་སློབ་མ་ཁྲི22.61ལྷག་གིས་མ་ལག་སྤྱད་དེ། ཐེངས་ཁྲི250635ལྷག་ལ་འདྲི་རྩད་བྱས། དེ་དང་ཆབས་ཅིག རྒྱུགས་སྤྲོད་མཁན་གྱི་ཡིག་ཚགས་གཏོང་སྟངས་འདྲི་རྩད་བྱེད་ནུས་དང་ཡིག་ཚགས་གཏོང་མཁན་གྱི་སྐར་གྲངས་དམའ་ཤོས་འདྲི་རྩད་བྱེད་ནུས་ཐོག་མར་སྒོ་ཕྱེ་ནས། ཡིག་ཚགས་གཏོང་མཁན་གྱི་གྲངས་གཞི་དུས་ཐོག་ཏུ་གསར་སྒྱུར་བྱས་པ་བརྒྱུད། རྒྱུགས་སྤྲོད་མཁན་གྱིས་དུས་ཐོག་ཏུ་མི་སྒེར་གྱི་སྡུད་ལེན་གནས་ཚུལ་ཁོང་དུ་ཆུད་ཐུབ་པར་བྱས། གཞན་ཡང་། ད་དུང་ཡུལ་དངོས་ཀྱི་བློ་འདྲི་ས་དང་ཁ་པར་བློ་འདྲི་ཐད་སྦྲེལ་ཁ་པར་བཙུགས་ནས། སློབ་མ་དང་ཁྱིམ་བདག་གི་སློབ་སྡུད་བརྒྱུད་རིམ་ཁྲོད་ཀྱི་དོགས་པ་ལ་དུས་ཐོག་ཏུ་ལན་བཏབ།
རྒྱུགས་སྤྲོད་མཁན་གྱི་སློབ་ཞུགས་ལ་ཞབས་ཞུ་སྔར་ལས་ལེགས་པོ་བྱེད་པ་དང་། མཐོ་རིམ་ལས་རིགས་སློབ་གླིང་གིས་སློབ་སྡུད་འཆར་གཞི་ལེགས་འགྲུབ་ཡོང་བར་འགན་ལེན་ནུས་ལྡན་བྱ་ཆེད། ཡུན་ནན་ཞིང་ཆེན་གྱིས་ཟླ9པའི་ཟླ་དཀྱིལ་དུ་མཐོ་རིམ་ལས་རིགས་ཆེད་ལས་ཚན་ཁག་གསབ་སྡུད་ལས་དོན་སྤེལ་རྒྱུ་ཡིན་པ་རེད། སྐབས་དེར་ཡུན་ནན་ཞིང་ཆེན་གྱི2025ལོའི་སྤྱིར་བཏང་མཐོ་རྒྱུགས་ནང་ཞུགས་པ་དང་སྡུད་ལེན་ཆ་རྐྱེན་དང་མཐུན་པ་མ་ཟད། ད་དུང་སྡུད་ལེན་བྱས་མེད་པའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་རེ་ཞུའི་མ་ལག་བརྒྱུད་ནས་ཁ་གསབ་སྡུད་ལེན་ནང་ཞུགས་ཆོག་པ་རེད། །