ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞོད་དུས་དང་དབྱར་ཁའི་གུང་གསེང་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྐོག་འདྲི་སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་དང་། ལས་འཛོལ་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཞིབ་བཤེར་དང་སེལ་ནས་ཞོད་དུས་དང་དབྱར་ཁའི་གུང་གསེང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན་པར་འགན་ལེན་བྱས།
ལྐོག་འདྲི་མ་བྱས་གོང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བདེ་འཇགས་ཐོན་སྐྱེད་ཆེད་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ནས། མིག་སྔའི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། ཞོད་དུས་དང་དབྱར་གནང་དུས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོར་སྒྲུབ་དགོས་པའི་ཞིབ་ཕྲའི་བླང་བྱ་བཏོན་ལ། ལྐོག་འདྲི་ལས་དོན་ཇུས་གཞི་འཆར་ཟིན་འགོད་རྒྱུར་མཛུབ་ཁྲིད་བྱས་པ་དང་། ལྐོག་འདྲི་ཚོགས་ཆུང7བཙུགས་ཏེ་ཐིང་རིམ་པའི་ལས་བྱེད་པས་རུ་ཁག་སྣེ་ཁྲིད་ནས།“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཁུལ(གྲོང་ཁྱེར)16ལ་བགོས་ནས་ལས་དོན་སྤེལ།
ཁུལ་སོ་སོའི(གྲོང་ཁྱེར)རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག དེ་བཞིན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དང་དོན་འཁྱོལ་བྱས་ཚུལ་གཙོ་གནད་དུ་བཟུང་ནས་ལྐོག་འདྲི་དང་ཤེས་རྟོགས་བྱས་པ་རེད། མེ་གསོད་བདེ་འཇགས་ལ་དམིགས་ཏེ། རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་སྡེ་ཚན་དང་། སྤྱི་པའི་རིག་གནས་ཚན་པ། རིག་དངོས་རྟེན་རྫས་བཤམས་མཛོད་ཁང་སྡེ་ཚན་བཅས་ཀྱིས་མེ་གསོད་པའི“ཚེ་སྲོག་བགྲོད་ལམ”དང་གློག་སྒུལ་རྐང་འཁོར་ཆེད་དོན་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྐོག་ཏུ་འཚམས་འདྲི་བྱས། ཡུལ་སྐོར་བགྲོད་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་དམིགས་ཏེ། ཡུལ་སྐོར་ལས་དོན་ཁང་གི་རླངས་འཁོར་གཉེར་སྐྱོང་ཆོག་འཐུས་ཀྱི་ཐོབ་ཐང་དང་འཁོར་སྐར་གནས་ངེས་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་གནས་ཚུལ་ལ་ལྐོག་ཏུ་འཚམས་འདྲི་བྱས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་དམིགས་བསལ་སྒྲིག་ཆས་དང་ཉེན་ཁ་ཆེ་བའི་ཡུལ་སྐོར་རྣམ་གྲངས་ལ་དམིགས་ནས། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བར་སྣང་དང་མྱུར་བགྲོད་གཞུང་ལམ། ཆུ་སྟེང་། ཆུ་ནང་འཛུལ་བ། མྱུལ་དཔྱད་སོགས་ཉེན་ཁ་ཆེ་བའི་ཡུལ་སྐོར་རྣམ་གྲངས་ལ་ཞིབ་མཆན་ཆོག་མཆན་དང་། བདེ་འཇགས་ལམ་ལུགས་བཟོ་བ། རྒྱུན་གཏན་གྱི་ཚད་ལྡན་གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ལ་ལྐོག་ཏུ་འཚམས་འདྲི་བྱས། ཆུ་ལོག་སྔོན་འགོག་དང་ས་གཤིས་གནོད་འཚེ་ལ་ཁ་གཏད་གཅོག་པར་དམིགས་ནས། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་སྡོད་ཁང་རིམ་པ་སོགས་སྡེ་ཚན་གྱི་འཕྲལ་བསྟུན་ནང་སྦྱོང་དང་མངོན་མེད་རྐྱེན་ངན་ཞིབ་བཤེར། དངོས་ཟོག་གྲ་སྒྲིག ལས་རེས་ལས་འགན་སྲུང་། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་ལྐོག་ཏུ་འཚམས་འདྲི་བྱས།
ལྐོག་འདྲི་མཇུག་འགྲིལ་རྗེས། ལྐོག་འདྲི་ཚོགས་ཆུང་ཁག་གིས་འཕྲལ་མར་ལྐོག་འདྲི་བྱས་ཚུལ་མངའ་ཁོངས་རིག་གནས་དང་ཡུལ་སྐོར་སྡེ་ཚན་ལ་ཕྱིར་སྐྱེལ་བྱ་རྒྱུ་དང་འབྲེལ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།