ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་མ་དངུལ་སྒོར་ཁྲི9500བཏང་ནས་ས་ཁུལ་སོ་སོའི་ཆུ་ལོག་སྔོན་འགོག་འཕྲལ་སྡོམ་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་ལ་ཆར་ཆུ་ཆེན་པོ་འབབ་ཐེངས12བརྒྱུད་ཡོད་པ་དང་། གནོད་འཚེ་ཕོག་པའི་བསྡོམས་རྩིས་དམིགས་ཚད་གཙོ་བོ་ཚང་མ་ཉེ་བའི་ལོ་ལྔའི་དུས་མཉམ་གྱི་ཆ་སྙོམས་གྲངས་ཐང་ལས་མཐོ་བ་རེད། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཆུ་ལོག་སྔོན་འགོག་འཕྲལ་སྡོམ་གེགས་སེལ་མ་དངུལ་སྒོར་ཁྲི9500བྲེལ་མྱུར་སྒོས་གཤམ་སྤྲོད་བྱས། 

ད་ལོར་ཡུན་ནན་ཞིང་ཆེན་དུ་ཆར་ཆུ་འབབ་ཡུན་སྔ་ཞིང་ཆུ་ལོག་གི་གནས་ཚུལ་ཚབས་ཆེ་བ་རེད། ཆར་ཆུ་དྲག་པོ་ཐེངས12ལ་བབས་པའི་བརྒྱུད་རིམ་ནང་། ཆ་སྙོམས་ཀྱིས་ཆར་ཆུ་འབབ་ཚད་དུས་རྒྱུན་གྱི་དུས་མཉམ་ལས38.8%མང་བ་དང་། ཐལ་དྲགས་པའི་རང་བཞིན་དྲག་པོ་ཡོད། ས་ཚིགས10ཡི་ཆར་ཆུ་འབབ་ཚད་ལོ་རྒྱུས་ཀྱི་དུས་མཉམ་གྱི་ཟིན་ཐོ་མང་ཤོས་ལས་བརྒལ་ཡོད་པ་དང་། ཆུ་བོ43ལ་ཉེན་ཟོན་ཆུ་གནས་ལས་བརྒལ་བའི་ཆུ་ལོག་ཐེངས54ཐོན་པ་དེ་ནི་ཉེ་བའི་ལོ10རིང་གི་ཨང་གཉིས་པ་དེ་རེད། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེར་ཕྱིན་ནས་མིག་སྔའི་བར་ཁུལ(གྲོང་ཁྱུར)16དང་རྫོང(གྲོང་ཁྱེར་དང་ཆུས)119ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་པ་དང་། ཛ་དྲག་གི་ཉེན་ཁ་གཡོལ་ནས་མི་ཐེངས་ཁྲི2.25གནས་སྤོ་བྱས་ལ། ཛ་དྲག་གནས་སྤོ་མི་ཐེངས6214བཀོད་སྒྲིག་བྱས་ནས། དཔལ་འབྱོར་ལ་ཐད་ཀར་གྱོང་གུན་སྒོར་དུང་ཕྱུར32.14བཟོས། 

ཆུ་ལོག་སྔོན་འགོག་གི་དུས་བབ་ཛ་དྲག་གི་མདུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་སྲིད་ཀྱིས་ཐུན་མོང་དོ་དམ་དང་རིམ་པ་རིམ་བཞིན་འགན་སྲུང་བྱེད་པའི་ཞོད་འགོག་གེགས་སེལ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་གཅིག་སྒྲིལ་གྱིས་རོགས་ལས་བྱས་པ་དང་། གཞི་རིམ་གྱི་རྒྱ་ཆེའི་ལས་བྱེད་པ་མང་ཚོགས་ཀྱིས་འཐབ་ཕྱོགས་དང་པོའི་འབད་བརྩོན་བྱས་ནས། ཆེས་སྲ་བརྟན་གྱི་ཆུ་འགོག་སྟོབས་ཤུགས་ཆགས་ཤིང་། ཐུན་མོང་ཐོག་དྲག་ཆར་དང་ཆུ་ལོག་བཀག་འགོག་བྱས་ནས་མི་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཇེ་ཉུང་དུ་བཏང་། 

ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཆུ་ལོག་སྔོན་འགོག་འཕྲལ་སྡོམ་གེགས་སེལ་མ་དངུལ་སྒོར་ཁྲི9500བཏང་ནས། གནོད་འཚེ་ཕོག་པའི་ས་ཁུལ་གྱིས་ཉེན་ཟོན་སྔོན་བརྡ་དང་ལེན་མཉམ་འགུལ་དང་། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་སྤོ་སྒྱུར་བཀོད་སྒྲིག ཉེན་ཁ་འགོག་སེལ་སོགས་འཕྲལ་སྡོམ་ཐག་གཅོད་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁང་པ་ཉམས་གསོ་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་ཀུང་ཧྲན་རྫོང་དང་བདེ་ཆེན་རྫོང་། ཝེ་ཤིན་རྫོང་སོགས་ཆུ་ལོག་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།