ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན། གསར་འགོད་པས་ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་གསལ་ལྟར་ན། 2025ལོར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཀྲུང་དབྱང་གི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར32.78གྲབས་གསོག་བྱས་ནས་གཤམ་སྤྲོད་བྱས། མ་དངུལ་དེ་ཐོན་ལས་བཟོ་པ་ཚུད་པའི་ཆ་རྐྱེན་དང་མཐུན་པའི་བཟོ་པ་ལས་རིགས་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ངལ་རྩོལ་པའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་དང་། ཆ་རྐྱེན་དང་མཐུན་པའི་མི་སྣས་གཏན་འབེབས་ལྟར་ལས་རིགས་རྩལ་ནུས་གསོ་སྦྱོང་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱད་ཆོག
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་གཞིར་བཟུང་། ནོར་སྲིད་ཀྱི་འགན་འཁྲི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་དུས་སྐབས་གསར་པའི་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།
སྲིད་ཇུས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཐད། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཁྲལ་དོན་ཅུས་དང་མཉམ་འབྲེལ་བྱས་ནས་དཔྱ་ཁྲལ་དང་གྲོན་དངུལ་དམའ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ། ཁེ་ལས་ལས་བཟོ་པའི་སློབ་གསོའི་གྲོན་དངུལ་ཁྲལ་མ་འཇལ་གོང་འཐེན་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། མུ་མཐུད་དུ་སྲིད་ཇུས་དྲིལ་བསྒྲགས་ལེགས་པོ་བྱས་ཡོད། ཁེ་ལས་ཀྱི་ལས་བཟོ་པའི་སློབ་གསོའི་གྲོན་དངུལ་གཏོང་སྒོ་གླ་ཕོགས་བསྡོམས་འབོར་གྱི8%ལས་མི་བརྒལ་བའི་ཆ་ཤས་དེ་ཁེ་ལས་ཐོབ་ཁྲལ་གྱི་ཁྲལ་འཇལ་དགོས་པའི་ཐོབ་གྲངས་རྩིས་རྒྱག་སྐབས་འཐེན་ཆོག་པ་དང་། དེ་ལས་བརྒལ་བའི་ཆ་ཤས་དེ་རྗེས་ཕྱོགས་ཀྱི་ཁྲལ་འཇལ་ལོ་འཁོར་གྱི་བསྡོམས་རྩིས་བསྒྱུར་སྐབས་འཐེན་ཆོག་པས། དེ་ལ་བརྟེན་ནས་ཁེ་ལས་ཀྱིས་ལས་བཟོ་པའི་སློབ་གསོ་གསོ་སྦྱོང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་དགོས།
ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད། ལས་རིགས་སློབ་གསོའི་ཁྱད་པར་ཅན་གྱི་སློབ་མར་ཆ་སྙོམས་གྲོན་དངུལ་གཏོང་རྒྱུའི་ལམ་ལུགས་སྒྱུར་བཅོས་ལག་བསྟར་བྱས་ནས། ལོ་གསུམ་རིང་ཞིང་ཆེན་ཁོངས་གཏོགས་ལས་རིགས་སློབ་གླིང་གི་སློབ་མར་ཆ་སྙོམས་གྲོན་དངུལ་གཏོང་རྒྱུའི་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་བ་དང་། 2024ལོ་ནས་བཟུང་ལོ་རེར་སྒོར1000མཐོ་རུ་གཏོང་རྒྱུ་དང་། 2026ལོར་བསླེབ་སྐབས་སློབ་མ་རེར་ལོ་རེར་སྒོར15000ཟིན་རྒྱུ་རེད། 2025ལོར་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མར་སྒོར་དུང་ཕྱུར33གྲོན་དངུལ་གཏོང་རྒྱུའི་གཅིག་གྱུར་འཆར་འགོད་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག ཀྲུང་དབྱང་གི་དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར9.32ཧུར་ཐག་གིས་བརྩོན་ལེན་བྱས་པ་དང་། ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར6བཀོད་སྒྲིག་བྱས་ཏེ། ས་གནས་ཁག་གི་ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སོགས་གཏིང་ཟབ་ཏུ་བཏང་སྟེ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་དང་འདེགས་སྐྱོར་བྱས་ཡོད།
གཞན་ཡང་ཐོན་ལས་བཟོ་པའི་རྩལ་ནུས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད། ཞིང་ཆེན་ནོར་སྲིད་ཐིང་གིས་ད་དུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་མཉམ་འབྲེལ་ཐོག ཡུན་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་འཕྲལ་དཀོན་ལས་རིགས་དཀར་ཆག་འགུལ་རྣམ་ཁྱབ་བསྒྲགས་བྱས་ནས། རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་ཤོང་ཚད་ཇེ་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཐོན་ལས་འཕེལ་རྒྱས་ལ་རྩལ་ནུས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་མཁོ་འདོན་བྱས་ཡོད། །