དུང་སྒྲ་གྲགས་པ་དང་ལྷན་དུ། འགྲུལ་པ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱིས་ཁེངས་པའི“བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་ཞིག་གངས་ལྗོངས་ས་མཐོ་ནས་ལྷོ་ཕྱོགས་སུ་བསྐྱོད་བཞིན་ཡོད།
2023ལོའི་ཟླ11པར་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། དེས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་རིགས་གཞོན་ནུ་བཀྲ་ཤིས་འཕྲིན་ལས་ཀྱིས“ལོ་གཅིག་ལྷག་གི་རིང་ང་ཚོའི་བེ་ཤ་དང་ཏང་ཀུན་སོགས་ཞིང་ལས་ཐོན་རྫས་མེ་འཁོར་ལ་བསྡད་ནས་ས་མཐོ་ནས་ཕྱིར་གཏོང་བྱས་པས་ཕ་ཡུལ་ལ་ཉིན་རེ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད”ཟེར།
ཡུན་ནན་ནི་གྲངས་ཉུང་མི་རིགས་ཀྱི་རིགས་མང་ཤོས་ཡོད་པའི་ཞིང་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོའི་བསྡུས་རིས་ཤིག་རེད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་འགྱུར་བར་འབད་བརྩོན་བྱེད། ”“རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་པ། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་པའི་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་འབད་བརྩོན་བྱེད། ”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2015ལོ་དང2020ལོར་ཡུན་ནན་ལ་རྟོག་ཞིབ་ཐེངས་གཉིས་གནང་ནས་དུས་རབས་གསར་པའི་ཡུན་ནན་མི་རིགས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།
ཡུན་ནན་གྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ཏེ། “ཡལ་ག་རྒྱས་པ་དང་གཞུང་རྐང་སྟོབས་ཆེ་བ”དང“སེ་འབྲུ་དམར་པོ”སོགས་གཙོ་གནད་ལས་གྲྭ་གསར་གཏོད་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཡོད། ལོ་ངོ10ཡི་རིང་ཡུན་ནན་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི1.2ཟིན་པ་དེ2015ལོའི་ལྡབ2.2ཡིན་པ་དང་། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས137བཙུགས་ཡོད།
མི་རིགས་ཁག་གི་མང་ཚོགས་དེང་རབས་ཅན་དུ་བསྐྱོད་པའི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ཡོད།
ནུའོ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་ཀུང་ཧྲན་ཏུའུ་ལུང་རིགས་ནུའོ་རིགས་རང་སྐྱོང་རྫོང་ཏུའུ་ལུང་ཅང་ཤང་ཁུང་ཏང་གྲོང་ཚོའི་གྲོང་མི་དབྱང་ཧྲི་ཕིང་གིས་ནུས་ཁུངས་གསར་པའི་རླངས་འཁོར་བསྐོར་བཞིན་ཤང་གི་གློག་གསོག་ས་ཚིགས་སུ་བསྐྱོད་པ་རེད། ལྷོ་ཕྱོགས་གློག་དྲ་ཏུའུ་ལུང་ཅང་ཤང་གི་སྟོང་ཧྥུ35ཡི་དྲ་སྦྲེལ་ལས་གྲྭ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་ཆབས་ཅིག་ཏུའུ་ལུང་ཅང་ཤང་གིས་གློག་སྤྱོད་གཏན་འཇགས་མིན་པའི་ལོ་རྒྱུས་གཏན་ནས་མཇུག་སྒྲིལ་ཡོད།
“འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། ”ཡུན་ནན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པའི་སྤྱིའི་ལྡེ་མིག་ཏུ་བརྩིས་ནས། རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་འཕེལ་རྒྱས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་ཁ་གསབ་བྱས་ཡོད།
མིག་སྔའི་བར་ཡུན་ནན་ཞིང་ཆེན་མི་རིགས་ས་ཁུལ་དུ་འཁོར་སྐྱོད་གནམ་ཐང11ལ་སླེབས་པ་དང་། མི་རིགས་རང་སྐྱོང་ཁུལ6ལ་མྱུར་བགྲོད་ལྕགས་ལམ་སམ་ཡང་ན་སྒུལ་འཁོར་ཤར་གཏོང་ཐུབ་ཡོད་ལ། མི་རིགས་རང་སྐྱོང་ས་གནས་རྫོང78ཚང་མར་མཐོ་རིམ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང(གྲོང་རྡར)དང་སྲིད་འཛིན་གྲོང་ཚོ100%ལ་འཁྲེགས་སྒྱུར་གཞུང་ལམ་དང་སྦྲག་སྐྲེལ། དྲ་རྒྱ་བཅས་ཤར་གཏོང་ཐུབ་ཡོད། མཐའ་མཚམས་སྲིད་འཛིན་གྲོང་ཚོ374དེང་རབས་ཅན་གྱི་མཐའ་མཚམས་བདེ་སྐྱིད་གྲོང་ཚོར་བསྐྲུན་ཡོད།
མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།
སྦྲང་སྒམ་ལ་བལྟ་བ་དང་སྦྲང་ཚང་ལེགས་སྒྲིག་བྱེད་པ་དང་། ལིན་ཚང་གྲོང་ཁྱེར་ཚང་ཡོན་ཝ་རིགས་རང་སྐྱོང་རྫོང་པན་ཧུང་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དབྱང་ཀྲི་ལེང་གིས་གྲོང་མི་ཁྲིད་ནས“ཞིམ་མངར་གྱི་བྱ་གཞག”འདི་བསྒྲུབས་ཡོད། འདས་ཟིན་པའི་ལོ་གཅིག་ནང་། པན་ཧུང་གྲོང་ཚོའི་མཉམ་ལས་ཁང་གིས་སྤུས་ལེགས་སྦྲང་རྩི་ཏུན18ཐོན་སྐྱེད་བྱས་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི232མངོན་འགྱུར་བྱུང་ཡོད།
“མི་རིགས་ཁག་ཚང་མ་ཁྱིམ་ཚང་གཅིག་ཡིན་པས། ཁྱིམ་ཚང་གང་བོས་འཚོ་བ་བཟང་པོ་སྐྱེལ་དགོས། " ཡུན་ནན་གྱིས་ཐོན་ཁུངས་དཔལ་འབྱོར་དང་། གླིང་ཁུལ་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ལས་དེ་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་འཛིན་ལུང་གལ་ཆེན་དུ་བརྩིས་ཏེ། “རྫོང་གཅིག་ལ་ལས་རིགས་གཅིག”གི་དཔེ་སྟོན་རྫོང་བསྐྲུན་པ་དང་ཁྱད་ཆོས་ལྡན་པའི་རྫོང་གསོ་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་གྲོང་དང་དཔེ་སྟོན་གྲོང་ཚོ་རེ་ལ་གཞི་རྩའི་ཐོག“གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་དང་། ཤང་གཅིག་ལ་ལས་རིགས་གཅིག”གི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཆགས་ཡོད།
ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་མེང་གྲོང་ཁྱེར་སན་ཐའེ་ཧྲན་ཏེ་ཨང་རིགས་ཤང་གིས“སྐྱུར་ཇའི”ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ཀྲའོ་ཐུང་གྲོང་ཁྱེར་དབྱི་ལིའང་རྫོང་ཏ་མེའོ་ཀྲའེ་གྲོང་ཚོར་དམངས་སྲོལ་སྡོད་ཁང་དང་། ཁ་ཧྥེ་ཁང་སོགས་བསྐྲུན་ཡོད། ཆུ་གཏོར་དུས་ཆེན་དང་དཔལ་མེ་དུས་ཆེན། མུའུ་ནའོ་གླུ་གཞས་དུས་ཆེན་སོགས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་སྤུས་རྟགས་གཉེར་སྐྱོང་བྱས་ནས། ཡུན་ནན་གྱིས་མི་རིགས་གྲོང་ཚོ660ཀྱི་ཡུལ་སྐོར་སྤུས་འདེགས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལེགས་གྲུབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་འགྲམ་དུ་ཡུལ་སྐོར་ཟ་མ་ཟ་བཞིན་ཡོད།
མི་རིགས་གཅིག་ལ་བྱ་སྤྱོད་འཆར་གཞི་གཅིག་བཟོས་ནས། ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དབུལ་ཕོངས་ལས་རྦད་དེ་ཐར་བར་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ལེགས་པའི་འཚོ་བ་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་།
བོད་རིགས་ཀྱི་སྒོ་ར་ཆུང་ཆུང་དུ་པའེ་རིགས་ཀྱི་ཁྲ་ཚོས་རྒྱག་པ་དང་། ཁྲོམ་གཞུང་གི་དབྱི་རིགས་ཀྱི་གླང་མགོ་རྒྱན་ཆ་དང་། ན་ཞི་རིགས་སྟོན་པའི་ཡི་གེའི་ཚོན་རིས་སོགས་མི་རིགས་ཀྱི་གཞི་རྒྱུ་སྣ་ཚོགས་མཉམ་དུ་འདྲེས་ཡོད། ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ཨེར་ཡོན་རྫོང་ཀྲེང་ཅ་ཀྲོང་གྲོང་ཚོར་རྒྱ་རིགས་དང་། པའེ་རིགས། དབྱི་རིགས། བོད་རིགས། ན་ཞི་རིགས། ཏའེ་རིགས། ལི་སུའུ་རིགས་བཅས་མི་རིགས་བདུན་གྱི་ཁྱིམ་ཚང170ལྷག་འཆམ་མཐུན་མཉམ་སྡོད་བྱེད་ཀྱིན་ཡོད། “བོད་རིགས་ཀྱི་གཏམ་དཔེ་ཐོག་ནས་བརྗོད་ན། ཚང་མ“ཕན་ཚུན་གཅིག་སེམས་གཅིག་ལ་འདྲེས་པར་བྱེད་པ་ནི་ཇ་དང་ཚྭ་ཁུ་ལྟ་བུ་ཡིན”ཞེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་གོ་ཞང་གིས་བཤད།
ཡུན་ནན་ཞིང་ཆེན་གྱིས“སེ་འབྲུ་དམར་པོའི”ལས་གྲྭ་གསར་གཏོད་ལག་བསྟར་བྱས་པ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི“འཆར་གཞི་གསུམ”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་ཞུགས་བྱེད་པར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་ཡོད། བསྟུད་མར་ལོ་དྲུག་ལ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྤུས་ལེགས་ལས་གྲྭའི་རྣམ་གྲངས་དེ་ཞིང་ཆེན་སྲིད་གཞུང་གི་དམངས་ཕན་དོན་དངོས10ནང་བཅུག་པ་སོགས་མི་རིགས་ཁག་གི་མང་ཚོགས་སེ་འབྲུ་བཞིན་དུ་ཕན་ཚུན་དམ་པོར་འཁྱུད་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཆོད་དོན》ནང་།“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད། ཡུན་ནན་ཞིང་ཆེན་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས“ང་ཚོས་མི་རིགས་ཁག་གི་ཁྲག་རྒྱུད་མཉམ་འདྲེས་དང་། དད་སེམས་གཅིག་མཐུན། རིག་གནས་འབྲེལ་འདྲེས། དཔལ་འབྱོར་ཕན་ཚུན་བརྟེན་པ། བརྩེ་དུང་ཕན་ཚུན་མཉམ་འདྲིས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་དང་ཡུན་རིང་ངང་སྤེལ་བ་དང་། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། སུས་ཀྱང་གཏོར་མི་ཐུབ་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱ་ཆེད་ཡུན་ནན་གྱི་ནུས་པ་འདོན་སྤེལ་ཡག་པོ་དང་ཡུན་ནན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”པར་བསྟན། །