ཀྲུང་གོ་བོད་ཀྱི་དྲ་བ།

ནགས་ཕག་མཚོ་བརླན་སའི་དུས་བྱ་གནས་གཞན་དུ་འཕུར་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་མགོ་ཚུགས་པ་དང་བསྟུན། ནགས་ཕག་མཚོ་བརླན་སར་འདབ་ཆགས་རིགས་མཉམ་དུ་འདུས་ཤིང་། དེ་དག་ལ་ལ་བརླན་སའི་ཆུ་རྩྭ་བར་དང་ལ་ལ་ཞིང་ནང་དུ་ཡོད་པ། ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་སོགས་ཀྱི་འདབ་ཆགས་རིགས་ཀྱིས་སོས་དལ་ངང་ཟས་འཚོལ་བཞིན་ཡོད། ཡིན་ཡང་མཐོ་སྒང་གི་གནམ་ཟླ་དྲོ་རུ་ཕྱིན་པ་དང་བསྟུན་དུས་བྱ་དེ་དག་ཀྱང་དཔྱིད་ཀའི་གོམ་སྟབས་བརྒྱུད་དེ་གནས་གཞན་པར་འཕུར་མགོ་བརྩམས་པ་རེད།

ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་དེ་ནི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་དགུན་སྒྲོལ་བྱེད་སའི་གནས་གཙོ་བོ་ཡིན་པའི་ཆ་ནས། ཁྱུ་ཚོགས་དེས་མཚོ་སྔོན་ཤར་ལྷོ་ཕྱོགས་དང་སི་ཁྲོན་ནུབ་རྒྱུད་དུ་རིགས་རྒྱུད་སྤེལ་བཞིན་ཡོད། ཡུན་ནན་གྱི་ནུབ་བྱང་རྒྱུད་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་སོགས་ཀྱི་བརླན་སར་དགུན་སྒྲོལ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་གི་ལྟ་ཞིབ་ཚད་འཇལ་མཇུག་འབྲས་ལྟར་ན། ནགས་ཕག་མཚོ་ཡི་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་རྒྱུན་པར་ལོ་རེའི་ཟླ9བའི་ཟླ་སྨད་ཡང་ན་ཟླ10བའི་ཟླ་སྟོད་དུ་རིམ་བཞིན་འཕུར་ཡོང་བ་དང་། སང་ལོའི་ཟླ5བར་ཡང་བསྐྱར་འཕུར་འགྲོ་བས་དགུན་སྒྲོལ་དུས་ཚོད་མངོན་གསལ་གྱིས་དགུན་སྒྲོལ་གནས་གཞན་ལས་མཐོ་བ་མ་ཟད། ལོ་རེར་འཕར་སྣོན་བྱུང་བའི་གནས་ཚུལ་མངོན་ཡོད། 1984ལོར་སྲུང་སྐྱོང་ཁུལ་བཙུགས་མ་ཐོག་ཁྲུང་ཁྲུང་སྐེ་ནག61མ་གཏོགས་མེད་ལ། 2004ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་བྱང་ནང་འཇོག་སྐབས་ཁྲུང་ཁྲུང་སྐེ་ནག290སླེབས་ཡོད། རྗེས་སུ་གྲངས་འབོར་བརྟན་བརླིང་ངང320ཟིན་པ་དང་། 2021ལོའི་དགུན་སྒྲོལ་དུས་ཚིགས་སུ་འཕར་སྣོན་བྱུང་ནས387ཟིན་པ་དང་། 2022ལོར510ལ་ཟིན་པ་དང2023ལོར་དགུན་སྒྲོལ་གྲངས་འབོར506སླེབས་པ་རེད།

ནགས་ཕག་མཚོ་ནི་ཀྲུང་གོའི་ནུབ་རྒྱུད་འཕྲེད་རྒྱུག་རི་རྒྱུད་དུས་བྱ་འཕུར་ལམ་དུ་གནས་བས། དེ་ནི་དགུན་སྒྲོལ་དུས་བྱ་འཕུར་བའི་ལམ་བར་གྱི་ངལ་གསོ་སར་གྱུར། ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། ཁྲུང་ཁྲུང་སྐེ་ནག་སྐོར་ཞིག་དགུན་སྒྲོལ་ནས་དབྱར་ཁ་ཡང་གནས་དེར་སྡོད་པ་དེས་ནགས་ཕག་མཚོའི་ཁོར་ཡུག་ཉིན་བཞིན་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཡོད། དེ་ནི་རིམ་བཞིན་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་དང་དབྱར་སྒྲོལ་བྱེད་པར་ཁོར་ཡུག་ལེགས་པོ་སྐྲུན་པ་རེད། ཉེ་བའི་ལོ་ཤས་རིང་ལ་རྒྱུན་མཐུད་ངང་ནགས་ཕག་མཚོའི་འབབ་རྒྱུད་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། དམངས་ཡོངས་བརླན་སའི་སྲུང་སྐྱོང་ནང་ཞུགས་པའི་འདུ་ཤེས་མུ་མཐུད་མཐོ་རུ་ཕྱིན་ནས་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཀྱི་སྐྱེ་ཁམས་ཁོར་ཡུག་ཡང་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།