ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་དུ་ཡུལ་སྐོར་སླར་གསོ་བྱུང་ནས“སེམས་ཀྱི་ཉི་ཟླའི”མིང་རྟགས་རིམ་བཞིན་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་རབས20པའི་ལོ་རབས30བརྩམས་སྒྲུང《མེད་པར་གྱུར་བའི་ས་གཞིའི་མུ་མཐའ》ནང་གངས་རི་དང་རྩྭ་ཐང་། མཚོ་དང་མཚེའུ། གསང་ཡུལ་གྱིས་བསྐོར་བའི“སེམས་ཀྱི་ཉི་ཟླ”ནི་མི་རྣམས་ཀྱི་རེ་སྨོན་བྱེད་ས་ཡིན་ཞེས་བཀོད་ཡོད། ད་ལྟ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཛམ་གླིང་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བཏོད་པས་ཕན་འབྲས་རགས་ཙམ་ཆགས་པ་དང་། གྲོང་མི། ཡུལ་སྐོར་པ་དང་ཡུལ་སྐོར་ལས་རིགས་གཉེར་མཁན་དག་གིས་ས་གནས་སུ་རང་གི་སེམས་ནང་གི“སེམས་ཀྱི་ཉི་ཟླ”རྙེད་ཐུབ་པ་བྱུང་།

ཟླ3པ་ནི་སྲོལ་རྒྱུན་གྱི་ཡུལ་སྐོར་པ་ཉུང་བའི་དུས་ཚིགས་ཡིན་ཡང་། བདེ་ཆེན་ཁུལ་རྡོ་མཁར་རྫོང་གནའ་གྲོང་དང་། དགའ་ལྡན་སུམ་རྩེན་གླིང་དགོན། ནགས་ཕག་མཚོ་རང་བྱུང་སྲུང་སྐྱོང་ཁུལ་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་སྔར་བཞིན་ཡུལ་སྐོར་པ་ཤིན་ཏུ་མང་། 

དཔྱིད་དུས་ཀྱི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཏེ་ནགས་ཕག་མཚོ་རུ་རླབས་སྔོན་ཡམ་ཡོམ་དུ་གཡོ་ཞིང་དུས་བྱ་མཚོ་ཁ་ནས་འཕུར་བཞིན་ཡོད། ཡུལ་སྐོར་པ་སྐོར་ཞིག་གིས་རྒྱང་རིང་ནས་པར་རྒྱག་བཞིན་ཡོད་པ་དང་། ལམ་ངོས་གཙང་སེལ་བྱེད་བཞིན་པའི་ནགས་ཕག་མཚོའི་གྲོང་མི་ལྷ་རོང་གིས་རྣམ་པ་དེ་མཐོང་ཚེ་དགའ་སྤྲོ་ཆེན་པོ་སྐྱེས།   

ལྷ་རོང་གིས་ངོ་སྤྲོད་ལྟར་ན། ལོ་ངོ་བཅུའི་སྔོན་ན། ནགས་ཕག་མཚོ་རུ་ཡུལ་སྐོར་པ་མང་བ་དང་གྲོང་མིས་རང་དགར་ཕྱུགས་འཚོས་པས་བརླན་ས་ཞན་འགྱུར་གནས་ཚུལ་མངོན་གསལ་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ས་གནས་ཀྱིས་བརླན་སའི་སྐྱེ་དངོས་ཕན་འབྲས་ཁ་གསབ་དང་། གཞིས་ཁུལ་མཉམ་དུ་དོ་དམ། སྐྱེ་ཁམས་རྟ་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ནགས་ཕག་མཚོ་བརླན་སའི་རྒྱ་ཁྱོན་འཕར་ཞིང་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་ཐོབ་པ་རེད།  

“སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ཚེ། དགུན་སྒྲོལ་དུས་བྱ་ཇེ་མང་དུ་འགྲོ་བ་དང་ཡུལ་སྐོར་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་ལྷ་རོང་གིས་དེ་ལྟར་བརྗོད། ད་ལྟ“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”དང“ནགས་ཕག་མཚོ་སྲུང་སྐྱོང”བྱེད་པར་གྲོང་མི་དང་ཡུལ་སྐོར་པའི་ཐུན་མོང་གི་འདུ་ཤེས་སུ་གྱུར།

བདེ་ཆེན་ཁུལ་ནི་འཛམ་གླིང་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་བཞུར”ལྟེ་གནས་ཁུལ་དུ་གནས་ཤིང་། ས་དབྱིབས། ནམ་ཟླ་སྣ་མང་། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པས། ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམ་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཡོད། བདེ་ཆེན་ཁུལ་གྱི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཆིངས་ཁྲི32དང་། ནགས་ཚལ་སྔོ་ཁེབས་ཁྱབ་ཚད77.63%ཟིན་པ། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་ཁམས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་བརྒྱུད་དེ་བདེ་ཆེན་གྱིས“སེམས་ཀྱི་ཉི་ཟླ”དེ་འཛམ་གླིང་མཉམ་སྤྱོད་ཀྱི་ལེགས་སྐྱེས་སུ་བཏང་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གནའ་གྲོང་གི་ཐང་ག་སྒྱུ་རྩལ་ལྟེ་གནས་ཞིག་ཏུ། མཛེས་སྡུག་སྤུས་ལེགས་ཀྱི་ཐང་ག་བརྩམས་ཆོས་ཀྱིས་ཧྥ་རན་སེའི་ཡུལ་སྐོར་པ་ཅ་པའོ་ལི་ཨིར་ལ་བོད་ཀྱི་རིག་གནས་ཀྱི་གཏིང་ཟབ་པའི་ཡིད་དབང་འཕྲོག་ཤུགས་ཚོར་དུ་བཅུག་པ་དང་། སྐད་བརྡ་མི་འཕྲོད་ཀྱང་ཁོས་ཡིག་སྒྱུར་མཉེན་ཆས་བརྒྱུད་དེ་ལས་དོན་མི་སྣར་ཐང་གའི་འབྲེལ་ཡོད་རིག་གནས་ཡང་ཡང་དྲིས་པ་རེད། 

བདེ་ཆེན་ཁུལ་ནི་མི་རིགས་མང་པོ་མཉམ་སྡོད་ཁུལ་ཡིན་པས། གནས་དེར་སྡོད་པའི་བོད་རིགས་དང་ན་ཞི་སོགས་ཀྱི་མི་རིགས་ཀྱིས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་སྐྲུན་ཡོད། འབའ་ལུང་རྫོང་གི་བོད་རིགས་གྲོང་མི་ཅང་ཀྲུའུ་ཅན་ནི་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། ལས་འཁྱུར་ངལ་གསོ་བྱས་རྗེས་ཁོས་མུ་མཐུད་དུ་རང་གི་ཁྱད་ཆོས་འདོན་སྤེལ་བྱས་ནས་ས་གནས་ཀྱི་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་ཞིག་གི“མི་རིགས་རིག་གནས་སློབ་དཔོན”ཞིག་ཏུ་གྱུར། རྒྱུན་དུ་ཁོས་ཡུལ་སྐོར་པའི་སྣེ་ཁྲིད་དེ་བོད་རིགས་དང་ན་ཞི་མི་རིགས་ཁྱིམ་ཚང་དུ་བཅར་འདྲི་བྱས་ནས་ཁོ་ཚོར་མི་རིགས་སོ་སོའི་དམངས་སྲོལ་དང་མི་ཆོས་བརྗོད་པ་རེད།

ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་མི་རིགས་དུས་ཆེན་བྱ་འགུལ་དང་། གཟུགས་འདས་ཤུལ་བཞག་རིག་གནས་རོལ་མྱོང་། གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་འགྲེམ་སྤེལ་འགྲེམ་ཚོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། རང་གཤིས་ཅན་དང་སྣ་མང་ཅན་གྱི་ཡུལ་སྐོར་ལས་རྣམ་གསར་བ་དང་ཐོན་རྫས་གསར་བ་བཏོད་དེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་པ་ཚོར་བདེ་ཆེན་གྱི་སྣ་མང་མི་རིགས་རིག་གནས་ཉམས་སུ་མྱོང་དུ་བཅུག  ག་སྔར། བདེ་ཆེན་ཁུལ་དུ་གཞི་རྩའི་ཆ་ནས་ཁུལ་སྐྱོད་གཞུང་ལམ་མྱུར་བགྲོད་ཅན་དང་། རྫོང་གཏོང་གཞུང་ལམ་མཐོ་རིམ་ཅན། ཤང་གཏོང་གཞུང་ལམ་རིམ་ལྡན་ཅན། སྡེ་གཏོང་གཞུང་ལམ་ཨར་འདམ་ཅན་བཅས་མངོན་འགྱུར་བྱུང་བ་མ་ཟད། སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་མཁའ་ལམ་འགའ་སླར་གསོ་བྱུང་བ་དང་། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་མི་འགྱངས་བར་འཛུགས་སྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དེས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་སྐས་རིམ་གསར་བར་སླེབས་རྒྱུ་རམ་འདེགས་བྱེད་བཞིན་ཡོད།  

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བདེ་ཆེན་ཁུལ་གྱིས་ད་དུང་མཛེས་ལྗོངས་ཁུལ་མཐོར་འདེགས་དང་། མགྲོན་ཁང་ཆ་སྒྲིག རིག་ལྡན་ཡུལ་སྐོར་དང་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སྐོང་པ། ཤེས་ལྡན་མི་སྣས་ཡུལ་སྐོར་དར་སྤེལ་བྱུང་བ་སོགས་ཀྱི“རྣམ་གྲངས་བཅུ”སྤེལ་ནས། སྤྱི་ཡོངས་ཉམས་ལེན་རང་བཞིན་དང་། མཉམ་འགུལ་རང་བཞིན། ནང་ཞུགས་རང་བཞིན་གྱི་ཁོངས་ཡོངས་ཡུལ་སྐོར་དཔེ་དབྱིབས་འཕེལ་རྒྱས་སུ་བཏང་ནས། མུ་མཐུད་དུ་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”མིང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།