ཀྲུང་གོ་བོད་ཀྱི་དྲ་བ།

མྱ་ངམ་ཐང་གི་འབུད་ཤིང“སྐྱེ་ཁམས་སྐུ་སྲུང་བར”གྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ལྗང་མདོག་ལྡན་པའི་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཕྱིའི་བཀོད་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་ཆུ་བོའི་འགྲམ་རྒྱུད་དུ་ཀྱལ་རྟ་ཆུན་པོ་རེ་རེའི་ལྕུག་ཕྲན་ལྷོད་ཤིག་ཤིག་ཏུ་གནས་ཡོད། སྔོན་ཆད་ས་གནས་མང་ཚོགས་ཀྱིས་མེ་ཁ་གསོ་བྱེད་ཀྱི་སྡོང་ཕྲན་འདི་དག་དེང་སང་བྱེ་འགོག་བྱེ་བཅོས་ཀྱི"སྐྱེ་ཁམས་སྲུང་མཁན"དང་མང་ཚོགས་འབབ་འཕར་གྱི"ཕྱུག་འགྱུར་ཤིང་སྡོང"དུ་གྱུར་ཡོད། ཐབ་ཚང་གི་མེ་མདག་ནས་ཐང་རྒོད་ཀྱི་ལྗང་སྐྱར་གྱུར་བ་ནི་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ལེགས་བཅོས་དང་དམངས་འཚོ་ཇེ་ལེགས་སུ་ཕྱིན་པའི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཡིན།

1989ལོར། མངའ་རིས་ས་ཁུལ་གྱིས་བྱེ་མའི་གནོད་སྐྱོན་འགོག་བཅོས་ལས་དོན་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ཀྲུང་གོའི་ཚན་རིག་གླིང་གི་བྱེ་བཅོས་ཆེད་མཁས་པ་སེང་གེ་ཁ་འབབ་གཞོང་སར་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། 《བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་ཆུ་བོའི་བྱེ་རླུང་གནོད་སྐྱོན་དང་ལེགས་སྒྲིག་ཉམས་གསོའི་འཆར་འགོད》ཇུས་འགོད་བྱས་ཏེ། ཀྱང་རྟ"འབུད་ཤིང"ནས"སྐུ་སྲུང་བར"གྱུར་ཡོད།

1992ལོར་དུས་ཐེངས་དང་པོའི་བྱེ་བཅོས་ལས་གཞི་དངོས་སུ་སྤེལ་མགོ་ཚུགས་ཤིང་། མུའུ1350ཡི་ཚོད་ལྟའི་ཁུལ་དུ་ལས་བྱེད་མང་ཚོགས་ཀྱིས་ལྕགས་ཁྱེམ་འཁུར་ནས་བྱེ་འགོག་བྱེ་བཅོས་ལས་དོན་ཧུར་ཐག་གིས་སྒྲུབ་ཏེ། "སྲུང་ཡོལ—ནགས—རྩྭ—ཡུར་བ"བཅས་གཞི་གཅིག་ཏུ་འདུས་པའི་ལག་རྩལ་མ་ལག་ཅིག་འཚོལ་ཞིབ་བྱས་ནས། རྗེས་མཐུད་ཀྱི་བྱེ་བཅོས་ལས་དོན་ལ་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས།

"འཕྲུལ་ཆས་མེད་ན་མི་ཤུགས་ལ་བརྟེན་པ་དང་། འགྲོ་ལམ་མེད་ན་མིས་འཁུར་བ་དང་རྟ་དྲེལ་ལ་འགེལ་དགོས། ཚང་མས་སྤྱི་ལེ་བཅུ་ཕྲག་འགའི་མཚམས་སུ་ཡོད་པའི་ཀྱལ་རྟའི་ནགས་སུ་ལྕུག་ཕྲན་བཅད་ནས་རེ་རེ་བཞིན་བྱེ་བཅོས་ཁུལ་དུ་བསྐྱལ་བ་ཡིན། འདི་ལྟར་ཟླ་འགའི་རིང་སྨུག་ཕྱིའི་འོད་ཆེ་བ་དང་ས་བབ་མཐོ་བ། ལས་ཀ་ལྗིད་བ་སོགས་ཀྱི་དབང་གིས་ལུས་མི་བདེ་བར་བཟོད་བསྲན་བྱས་ནས་ལས་ཀ་རྒྱུན་འཁྱོངས་བྱས"ཞེས་མངའ་རིས་ས་ཁུལ་ནགས་ལས་རྩྭ་ཐང་ཅུས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་བརྟག་དཔྱད་པ་ཟུར་བའམ་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་འཇིགས་མེད་ཚེ་དབང་གིས་བཤད། 

མི་རབས་ནས་མི་རབས་དབར་མངའ་རིས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱིས་ནམ་འཚོའི་བར་དུ་འབད་པ་མཐའ་སྐྱེལ་བྱས་པའི་འོག མུའུ་ཁྲི3ལྷག་གི་མིས་བཟོས་ནགས་ལྗང་མདོག་གི་ལྕགས་རི་རིང་པོ་དང་འདྲ་བར་སེང་གེ་ཁ་འབབ་གྲོང་རྡལ་བསྐོར་ཡོད་པ་དང་། མུའུ6000ལྷག་གི་མིས་བཟོས་སྤང་ལྗོངས་ཀྱིས་རྒྱུག་བྱེ་འགོག་བཅོས་ནུས་པ་ཐོན།

བྱེ་བཅོས་ལས་དོན་རྒྱུན་མཐུད་སྤེལ་བ་དང་བསྟུན་ནས་ཀྱལ་རྟ་ཡིས་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་མ་ཟད། མི་རྣམས་ལ་སླར་ཡང་གསོན་ཤུགས་རྒྱས་པའི་ས་གཞི་ཆེན་པོ་འདིའི་ཐོག་སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་ལེགས་ཆར་སྒྱུར་བའི་ཚོང་ལས་གོ་སྐབས་རྙེད་དུ་བཅུག མངའ་རིས་ཧྥུན་ཁྲིན་སྐྱེད་ཚལ་ལྗང་སྒྱུར་ཚད་ཡོད་ཀུང་སིའི་སྡོང་ཕྲུག་རྟེན་གཞིའི་འགན་འཁུར་བ་ཐང་ལིའང་ཅོན་གྱིས་ཀྱལ་རྟའི་སྡོང་ཕྲུག་སྐྱེ་ཚུལ་ལ་ལྟ་བཤེར་བྱེད་བཞིན་ཡོད་ལ། ཁོང་གིས"ཀུང་སི2012ལོར་བཙུགས་པ་དང་གཙོ་བོ་ནགས་ཚལ་གསོ་སྐྱོང་། བྱེ་འགོག་བྱེ་བཅོས། ས་ངོས་བྱེ་འགྱུར་བཅོས་སྐྱོང་ལས་གཞི་གཉེར་བཞིན་ཡོད"ཅེས་བཤད།

སྨི་གྲུ་བཞི་མ200ལྷག་གི་ཐང་རྒོད་ནས་མགོ་ཚུགས་ཏེ་ཀུང་སིས་ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་རྒྱུ་ལེགས་བཅོས་དང་སྡོང་ཕྲུག་བསྐྱེད་གསོའི་ལག་རྩལ་འཚོལ་ཞིབ་བྱས། དེང་སང་མུའུ900ཡི་སྡོང་ཕྲུག་རྟེན་གཞིར་ཀྱལ་རྟ་དང་མཚོ་མོ་ངང་ལྷ་རིང་པོའི་འགྲམ་གྱི་ཀྱལ་རྟ་སོགས་སྡོང་ཕྲུག་སྔོ་ཐིང་ཐིང་ཡིན། "ད་ལོའི་ཟླ5པའི་ཟླ་མཇུག་བར་བསྡོམས་པས་སྡོང་ཕྲུག་རྐང་ཁྲི53.8ཕྱིར་འཚོང་བྱས་པ་དང་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི1611.2ལ་སླེབས་ཡོད" "ང་ཚོའི་ཀུང་སིར་ལས་བཟོ་བ28ཡོད་པ་དང་། 2024ལོར་ཡང་བསྐྱར་གནས་སྐབས་རང་བཞིན་གྱི་ལས་བཟོ་བ320བསྡུ་ལེན་བྱས་ཤིང་། ན་ནིང་ལོ་གཅིག་རིང་ལས་བཟོ་བར་བསྡོམས་པས་གླ་ཕོགས་སྒོར845.2འགྲེམ་གཏོང་བྱས"ཞེས་ཐང་ལིའང་ཅོན་གྱིས་བཤད།

རོང་འབྲོག་མང་ཚོགས་གཡང་འཛོམས་ནི་ས་གནས་ཀྱི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་རེག་མཁན་ཡིན། སྔོན་ཆད་ཁོ་མོའི་ཁྱིམ་གྱི་བཟའ་མི་ཚང་མའི་སྲོལ་རྒྱུན་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས། འཚོ་བ་ཅུང་ཙམ་ཉམས་ཞན་ཡིན། 2017ལོར་གཡང་འཛོམས་ཀུང་སི་དེ་གའི་སྡོང་ཕྲུག་རྟེན་གཞིར་ཡོང་ནས་སྡོང་ཕྲུག་ལ་ཆུ་གཏོང་བའི་བྱ་བར་འགན་འཁུར་བ་རེད། ཁོ་མོས་གསར་འགོད་པར"ཉིན་རེའི་ཞོགས་པ་ནས་མཚན་མོའི་བར་དུ་སྡོང་ཕྲུག་ལ་ཆུ་གཏོང་དགོས་པས། དཀའ་སྡུག་ཅུང་ཆེ་མོད་ཀྱང་སྔོན་ཆད་ཀྱི་འཚོ་བར་བསྡུར་ན་ཧ་ཅང་སྐྱིད་པ་ཡིན། འདི་གར་ལོ་རེར་ཟླ་དྲུག་རིང་ལས་གཉེར་ཆོག་པ་དང་ཟླ་རེར་སྒོར6000གི་གླ་ཕོགས་ཡོད"ཅེས་དགའ་སྤྲོའི་ངང་བཤད།

ཉེ་བའི་ལོ་འགའི་རིང་། མངའ་རིས་ས་ཁུལ་གྱི་རྫོང་ཁག་དང་ཤང་གྲོང་ཁ་ཤས་ཀྱིས་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། བསྡོམས་པས་སྡོང་ཕྲུག་རྟེན་གཞི124བསྐྲུན་པ་དང་སྡོང་ཕྲུག་རྐང་ཁྲི2.29འདེབས་འཛུགས་བྱས་ནས་སྡོང་ཕྲུག་ཐོན་འབོར་སྡོང་རྐང་ཁྲི500ལྷག་སླེབས་ཡོད་པས། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་མ་ཟད་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་ཡོད།

སེང་གེ་ཁ་འབབ་ཆུ་བོའི་འགྲམ་རྒྱུད་ཀྱི་ཀྱལ་རྟའི་མེ་ཏོག་ཡང་བསྐྱར་བཞད་དེ་སྨུག་སྐྱའི་མེ་ཏོག་གི་ཆུན་པོ་རླུང་བུའི་ཁྲོད་ལྡེམ་ལྡེམ་གཡོ་བཞིན་ཡོད། སྡོང་གཅོད་དྲོད་ལེན་ནས་སྡོང་འཛུགས་ཕྱུག་འགྱུར་དང་། བྱེ་རླུང་གིས་མཁར་གྲོང་བསྐོར་བ་ནས་ལྗང་མདོག་གིས་ཁེངས་པའི་ཁྱིམ་གཞིས་བཅས་ཀྱལ་རྟའི་ཐོབ་ཐང་སྒྱུར་བ་ལས་མངའ་རིས་ས་ཁུལ་གྱི"ལྗང་འདུས་ཚད"དང"གསེར་འདུས་ཚད"དུས་མཉམ་དུ་མཐོར་འདེགས་ཕྱིན་པ་མཚོན་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།