ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བསྡུས་གླེང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ཟུར་ཞིག་རེད།

ཆབ་མདོ་ནི་བོད་ལྗོངས་སུ་སྐར་ལྔའི་དར་དམར་སྒྲེང་བའི་ས་ཆ་ཐོག་མ་ཡིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་བོད་ལྗོངས་སུ"ཨང་དང་པོ"མང་པོ་བཏོད་མྱོང་བའི་བོད་ཤར་ས་གཞི་ཆེན་མོ་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་བློ་སྟོབས་ཆེན་པོས་ལག་ལེན་མདུན་སྐྱོད་བྱས་ནས་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སློབ་གསོ་དང་སྨན་བཅོས་ལ་མཆོང་སྐྱོད་འཕེལ་རྒྱས་བྱུང་ནས་བདེ་སྐྱིད་ཀྱི་ལེའུ་གསར་བྲིས་པ།

1957ལོར། ཆབ་མདོ་གྲོང་ཁྱེར་གྱིས་བོད་ལྗོངས་ཀྱི་དེང་རབས་སློབ་གྲྭ་ཐོག་མ་སྟེ། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་བཙུགས་པ་དང་། སྐབས་ཐོག་མའི་སློབ་ཆུང་མཐར་ཕྱིན་སློབ་མ15ཙམ་ལས་མེད་པ་དང་སློབ་གསོ་ཡོངས་ཁྱབ་ཚད5%ལས་མེད། 2025ལོར་ཆབ་མདོ་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་གི"འབྱུང་འགྱུར་སློབ་ཁང"ནང་དེང་རབས་ཚན་རིག་སྒྲིག་བཀོད་ལས་སློབ་གསོའི་ཁྱབ་ཁོངས་ཀྱི་འཕོ་འགྱུར་མངོན་ཡོད། 

2025ལོར་ཆབ་མདོ་གྲོང་ཁྱེར་གྱི་སློབ་གསོའི་ཚོགས་ཆེན་ཐོག"ཆབ་མདོའི་སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། སློབ་གསོའི་གྲོང་ཁྱེར་སྟོབས་ཆེན་བསྐྲུན་པའི"ལས་དོན་དམིགས་འབེན་དངོས་སུ་བཏོན་ནས། དུས་ཚོད་རེའུ་མིག་དང་ལས་འགན་པར་རིས་གསལ་བོར་བྱས་ཡོད།

"ལོ་ངོ་དྲུག་ཅུའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད་ཆབ་མདོའི་སློབ་གསོར'སློབ་གསོའི་གྲོང་ཁྱེར་སྟོབས་ཆེན'བསྐྲུན་པའི་དམིགས་འབེན་གྱི་གདེང་ཚོད་ཡོངས་སུ་ལྡན་ཡོདཅེས་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ཁའེ་ཡིས་བཤད། ཁོང་གིས་མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ712ཡོད་པ་དང་། དེ1965ལོ་དང་བསྡུར་ན་སློབ་གྲྭ697ཇེ་མང་དུ་ཕྱིན་པ། སློབ་གྲྭར་ཡོད་པའི་སློབ་མ167331དང་དགེ་རྒན་དང་ལས་བཟོ་བ12451ཡོད་པ། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད98.53%དང་མཐོ་འབྲིང་སློབ་མ་སློབ་གྲྭར་ཞུགས་ཚད91.73%ལ་སླེབས་ཡོད་ཅེས་བསྟན།

གཞི་གྲངས་ལས་མངོན་པ་ལྟར་ན། "ལོ་ལྔའི་འཆར་གཞི་བཅུ་བཞི་བའི"རིང་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཡིས་མ་འཇོག་སྒོར་དུང་ཕྱུར21.13བཏང་ནས་སློབ་གྲྭ264གསར་སྐྲུན་རྒྱས་སྐྲུན་དང་བསླབ་གནས་ཁྲི1.3གསར་སྣོན་བྱས། མ་དངུལ་སྒོར་དུང་ཕྱུར11.28བཏང་ནས་སློབ་གྲྭའི་དྲོད་འདོན་རྣམ་གྲངས396ལག་ལེན་བསྟར་བ། ཉེ་བའི་ལོ་ལྔའི་རིང་བསྡོམས་པས"འགན་ལེན་གསུམ"གྱི་མ་དངུལ་སྒོར་དུང་ཕྱུར33.1གཤམ་སྤྲོད་བྱས་ཏེ་སློབ་མ་མི་ཐེངས་ཁྲི76.09ཕན་བཏགས་པ། འཚོ་བཅུད་ལེགས་བཅོས་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར5.32ཀྱིས་སློབ་མ་མི་ཐེངས་ཁྲི54.41ལ་ཕན་ཐོགས་པ། དབུལ་ཕོངས་སློབ་མར་རོགས་སྐྱོར་སྲིད་ཇུས་སློབ་རིམ་སོ་སོར་ཁྱབ་ནས་ཉེ་བའི་ལོ་ལྔའི་རིང་སློབ་མ་མི་ཐེངས་ཁྲི2.86ལ་རོགས་སྐྱོར་བྱས་པ་དང་བསྡོམས་འབོར་སྒོར་དུང་ཕྱུར1.6ལ་སླེབས་ཡོད།

ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། 2025ལོའི་ཟླ8པའི་བར་ཆབ་མདོའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི1215དང་སྨན་དོན་མི་སྣ3800ལ་སླེབས་ཡོད་པས། "གྲོང་ཚོ་གཅིག་ལ་སྨན་པ་གཉིས"ཀྱི་གཞི་རྩའི་དགོས་མཁོ་བསྐངས་ཡོད་པ་དང་། སྦྲུམ་མ་སྨན་ཁང་དུ་ཞག་སྡོད་བྱས་ནས་ཕྲུ་གུ་བཙའ་བའི་ཚད98.46%ལ་སླེབས་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་དང་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཡོངས་སུ་ཁྱབ་ནས་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་བཅོས་འགན་བཅོལ་གྱིས་ཐད་ཀར་རྩིས་རྒྱག་ཆོག་པ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་སྔར་ལས་སྟབས་བདེ་བཟོས་ཡོད།

བོད་ལུགས་གསོ་རིག་བྱ་གཞག་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པ། ཆབ་མདོ་གྲོང་ཁྱེར་བོད་སྨན་ཁང་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་སུ་བདམས་པ་དང་། 《སྨན་གྱི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང》《ཆབ་མདོའི་བོད་ལུགས་གསོ་རིག་དང་བོད་སྨན》《ཆབ་མདོའི་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་གཅེས་བཏུས》སོགས་ཡིག་ཚགས་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། བོད་ལུགས་གསོ་རིག་བྱ་གཞག་གི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་རོགས་འདེགས་བྱས་ཡོད།

2024ལོར། ཆབ་མདོ་གྲོང་ཁྱེར་འདི་ཉིད་ལྗོངས་ཡོངས་ཀྱི་ས་ཁུལ་གྲོང་ཁྱེར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གཞུང་བཙུགས་སྨན་ཁང་བཅོས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་་དཔེ་སྟོན་རྣམ་གྲངས་ཀྱི་གྲོང་ཁྱེར་གཅིག་པུ་ཡིན་པའི་ཆ་ནས། ངེས་པར་དུ་ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགུལ་ནུས་གསར་བ་བསྣན་ཡོད།

ནུས་ཁུངས་གཙང་མའི་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་ཀྱི་སྣ་འདྲེན་གསར་པ་བཏོད་པ། 

1967ལོར་ཆབ་མདོའི་གློག་འདོན་བཟོ་གྲྭ་བསྐྲུན་པ་དང་། དེ་གར་དེང་རབས་ཀྱི་འོད་ཟེར་ཐོག་མ་འཕྲོས་ནས་ས་གཞི་ཆེན་པོ་འདིར་རེ་བ་གསར་པ་བསྩལ།

དེང་སྐབས་ཀྱི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཡང་དག་པའི་ཁྲིད་སྟོན་འོག ཆབ་མདོ་གྲོང་ཁྱེར་གྱིས་རང་ལུས་ཀྱི་ཆུ་དང་རླུང་། འོད་བཅས་ཀྱི་ཐོན་ཁུངས་འབེལ་བའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དམ་འཛིན་བྱས་པ་དང་། བོད་ཤར་རྒྱུད་ཀྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པའི་དམིགས་འབེན་མངོན་འགྱུར་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ།  ནུས་ཁུངས་གཙང་མའི"རྟེན་གཞི་གཅིག དཔེ་སྟོན་གཉིས"འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་འབྲི་ཆུའི་སྟོད་རྒྱུད་དང་རྫ་ཆུའི་སྟོད་རྒྱུད། བོད་ཤར་ལྷོའི་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་ཆེན་པོ་གསུམ་བསྐྲུན་ཡོད།

ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5200ཡོད་པའི་མཐོ་སྒང་དུ་མཐོན་པོར་སྒྲེང་བའི་རླུང་ཤུགས་འཕྲུལ་འཁོར་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་འོད་མདངས་ཕན་ཚུན་འཕྲོས་པ་དང་། ལྗང་མདོག་གློག་ཤུགསགངས་ལྗོངས་མཐོ་སྒང་ནས་རྒྱུན་ཆད་མེད་པར་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱལ་ནས། འབྱུང་འགྱུར་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་གྲུབ་ཡོད།  

མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་དུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི1740ཟིན་ནས། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་བཅུ་ཆའི་དྲུག་ཙམ་ཟིན་ཡོད།   གཞན་ཡང་། གྲོང་ཁྱེར་ཡོངས་ཀྱི་འོད་ཤུགས་རྣམ་གྲངས་ཀྱིས་མང་ཚོགས་ལ་ས་ཞིང་བོགས་དངུལ་སྒོར་དུང་ཕྱུར2.8ཙམ་སྤྲད་པ།   ནུས་ཁུངས་རྣམ་གྲངས་གལ་ཆེན་གྱིས་ས་ཁོངས་ཀྱི་ཐོན་ཁུངས་གསོན་དུ་བཅུག་པ་མ་ཟད།  ས་གནས་དེ་གར་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོ་བསྐྱལ་ཡོང་བ་དང་། མི་སེར་རྣམས་ཀྱིས་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་མངོན་འགྱུར་ཡོང་བ་བྱས་ཏེ། ཆབ་མདོའི་དཔལ་འབྱོར་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་ཐད་ཀར་ཕན་པ་ཐོབ་མཁན་ཏུ་གྱུར་ཡོད།  

ནུས་ཁུངས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དེ་ནི་སྒུལ་བྱེད་འཕྲུལ་འཁོར་སྟོབས་ལྡན་ཞིག་དང་འདྲ་བར་ཆབ་མདོའི་ཐོན་ལས་འདུས་འཛོམས་སྟོབས་ཤུགས་ཆེན་པོས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད། ཆབ་མདོས་ནུས་ཁུངས་གཙང་མ་གསར་སྤེལ་གྱི་གཙོ་ཐིག་འདི་དམ་འཛིན་བྱས་པ་དང་། "ཕྲེང་འབྲེལ་སྣུར་སྲིང་། ཕྲེང་འབྲེལ་ཁ་གསབ། ཕྲེང་འབྲེལ་སྟོབས་ཆེར་གཏོང་བའི"བྱ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་གསོ་སྐྱོང་བྱས། མིག་སྔར། ཀྲུང་གོའི་རླངས་འཁོར་ཀྲུའུ་ཀྲོའུ་སུའོ་དང་། དམིགས་བསལ་གློག་སྒྱུར་གློག་ལས། ཤར་ཕྱོགས་གློག་རླངས། ཆུ་གློག་ཅུས་བཞི་པ་སོགས་སྒྲིག་ཆས་བཟོ་སྐྲུན་གྱི་སྣེ་འདྲེན་རྣམ་གྲངས་སྐོར་གཅིག་སྔ་རྗེས་སུ་ཆབ་མདོར་གཞིས་ཆགས་ཤིང་། སྐྲུན་ཚར་ནས་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24ཟིན་ནས། ཆབ་མདོའི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགུལ་ནུས་ཆེན་པོ་བསྣན་ཡོད།  

རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱས་ནས་གསེར་རི་དངུལ་རི་བསྡུ་རུབ་བྱས་པ།   

སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ནི་ཆབ་མདོ་གྲོང་ཁྱེར་གྱིས་ལོ་མང་རིང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་པའི་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་རེད།   དེང་སྐབས་ཆབ་མདོ་གྲོང་ཁྱེར་གྱིས་ས་ཁོངས་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རྫོང་དང་ཆུས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་ནུས་ཤུགས་བཏོན་ནས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་། ཁོར་ཡུག་གི་སྤུས་ཚད་མཐོར་འདེགས། ལྗང་མདོག་འཕེལ་ཚུལ་སྒྱུར་སོགས་ཀྱི་ཐད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཐུན་མོང་ཐོག་བྲིས་ཡོད།   

2024ལོའི་བར་ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི3.82དང་ནགས་ཚལ་ཁེབས་ཕྱོད34.78%ཟིན་པ་དང་། ནགས་སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི5.02། རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁེབས་ཚད78.04%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ལེགས་ཉིན་གྲངས་བསྡུར་ཚད100%སླེབས་པ་དང་། གཙང་ཆུ་དང་མཚོ་མཚེའུ་གལ་ཆེན་གྱི་ཆུའི་སྤུས་ཚད་སྤྱི་ཡོངས་ནསⅢདང་དེའི་ཡན་དུ་རྒྱུན་འཁྱོངས་ཐུབ་པ། གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད100%ཟིན་ཡོད།   

སྐྱེ་ཁམས་མ་ལག་བཟང་པོས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་འདོད་མཐུན་གྱི་གནས་སྡོད་ཁྱིམ་གཞིས་ཞིག་མཁོ་འདོན་བྱས་ཡོད། དཔལ་འབར་རྫོང་གི་ཁྲུང་ཁྲུང་སྐེ་ནག་རིགས་ཁྱུའི་གྲངས་འབོར200ལྷག་བར་ཇེ་མང་དུ་ཕྱིན་པ་དང་། ལྷོ་རོང་རྫོང་ཡུལ་བཞི་ཤང་གི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་སྲོག་ཆགས་གཟིག་པར་དུ་བླངས་པ། སྨར་ཁམས་རྫོང་གི་རྒྱལ་ཁབ་རིམ་པའི་གཙོ་གནད་རི་སྐྱེས་སྲུང་སྐྱོང་སྲོག་ཆགས་རྒྱུད་རིགས60ཟིན་པ། ལྷ་ཐོ་བརླན་ས་སོགས་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང5དང་ཧུང་ལ་རི་བོའི་སྤྲེལ་སེར་སྲུང་སྐྱོང་ཁུལ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ2། ར་འོག་མཚེའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བཅས་རྒྱལ་ཁའི་ངང་བསྐྲུན་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རྒྱུད་རིགས71ལ་སླེབས་ཡོད།

སྐྱེ་ཁམས་གྱི་ཁེ་སྤོགས་ཆབ་མདོའི་གང་སར་མངོན་བཞིན་ཡོད་པ་སྟེ།  བྲག་གཡང་རྫོང་གིས་དཔལ་འབྱོར་ནགས་ཚལ་མུའུ་ཁྲི1.2གསོ་སྐྱོང་བྱས་ནས། ལོ་རེའི་སིལ་ཏོག་ཐོན་རྫས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི1000ལས་བརྒལ་བ་དང་། དུད་ཚང1680ཡི་ཡོང་འབབ་སྒོར་ཁྲི1257འཕར་རྒྱུར་སྐུལ་ཁྲིད་བྱས་པ། གོ་འཇོ་རྫོང་གིས་ལྷ་ཐོ་བརླན་སའི"གསེར་ཡིག་སྒོ་བྱང"ལ་བརྟེན་ནས"སྐྱེ་ཁམས+རིག་གནས་ཡུལ་སྐོར"གྱི་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་བུའི་འཆར་འགོད་ཞིབ་ཚགས་བཟོས་ཡོད། 2024ལོར་དཔའ་ཤོད་རྫོང་གིས་ཁ་གསབ་མ་དངུལ་སྒོར་ཁྲི4347སྤྲད་པ་དང་མི12420ལ་ཕན་ཐོགས་ཡོད། དངོས་གནས"ལྗང་མདོག་སྲུང་སྐྱོང"དང"ཕྱུག་འགྱུར"གཉིས་རྒྱལ་གྱི་རྣམ་པ་མངོན་འགྱུར་བྱུང་སྟེ།  བོད་ཤར་རྒྱུད་ཀྱི་རི་སྔོ་ཆུ་དྭངས་མང་ཚོགས་ཀྱི་གསེར་རི་དང་དངུལ་རིར་གྱུར་ཡོད། ། 

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།