ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་ཐོན་ལས་ཚོང་འགུག་དངུལ་འདྲེན་ཆེད་དམིགས་འོས་སྦྱོར་ཚོགས་འདུ་ཞ་མོན་གྲོང་ཁྱེར་དུ་འཚོགས་ཤིང་། ལྗོངས་ཕྱི་ནང་གི་ཁེ་ལས་བརྒྱ་ལྷག་མཉམ་དུ་འཛོམས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་དུ་གྲོས་མོལ་དང་ཐོན་ལས་མཉམ་ལས་ཀྱི་ལེའུ་གསར་བའི་ཇུས་གཞི་མཉམ་འགོད་བྱས།
བོད་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་དང་མ་འཇོག་སྲིད་ཇུས་ཡག་པོས་ཡུལ་དངོས་ཁེ་ལས་མང་པོའི་མ་འཇོག་སྤྲོ་བ་འཕེལ་དུ་བཅུག་ཡོད། ཞ་མོན་གྲོང་ཁྱེར་གྱི་ཧོ་ཧྲོན་ནུས་ཁུངས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཝང་ཁྲོན་ལིང་གིས“ཁ་བཀྲམ་རྣམ་པའི་འོད་ནུས་དང་ནུས་གསོག་རྣམ་གྲངས་མ་འཇོག་དང་། འཛུགས་སྐྲུན་དང་གཉེར་སྐྱོང་ལ་གཞོལ་བའི་ཁེ་ལས་ཞིག་ཡིན་པའི་ཆ་ནས། ང་ཚོས་བོད་ལྗོངས་ཀྱི‘ཐཱན་གཉིས’དམིགས་འབེན་མངོན་འགྱུར་གོ་རིམ་ཁྲོད་ཀྱི་འཐབ་ཇུས་གོ་སྐབས་དང་སྐྱེ་ཁམས་ལེགས་ཆ་དངོས་གནས་ཚོར་ཡོད་བས། བོད་ལྗོངས་སུ་ཡུལ་དངོས་རྟོག་ཞིབ་དང་མ་འཇོག ཐོན་ལས་དར་སྤེལ་བཏང་ནས་མཉམ་དུ་ལྗང་མདོག་ནུས་ཁུངས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུར་རེ་སྒུག་ཆེན་པོ་བྱས་ཡོད”ཅེས་བསྟན།
“ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ་ང་ཚོས་ལམ་འགྲམ་དུ་འོས་སྦྱོར་དྲིལ་སྒྲོག་དང་སྦྲེལ་མཐུད་སྤེལ་རེས་ཧུར་ཐག་བྱས་ནས་མཛོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དང་ཐོན་ལས་ལེགས་ཆ། འཕེལ་རྒྱས་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་མངོན་པར་སྟོན་དགོས་པ་དང་ཆབས་ཅིག རྣམ་གྲངས་དང་མ་རྩ་མཉམ་ལས་ལ་སྐུལ་འདེད་བཏང་ནས་མ་འཇོག་མཁན་སྔར་ལས་མང་པོས་མཛོ་སྒང་ཤེས་རྟོགས་དང་། མཛོ་སྒང་ལ་མ་འཇོག་བྱས་ཏེ། མཉམ་ལས་གཉིས་རྒྱལ་གྱི་རྣམ་པ་གསར་བ་མཉམ་དུ་གཏོད་དགོས”ཞེས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པའམ་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལིན་ཡུང་ལི་ཡིས་བཤད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་དང་ཚོང་འགུག་དངུལ་འདྲེན་རྒྱ་ཆེར་གཏོང་རྒྱུ་དེ་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི“ལས་གཞི་དང་པོར”བརྩིས་པ་དང་། ཁེ་ལས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལྷག་བསམ་ཆེ་ཤོས་དང་སྲིད་ཇུས་ལེགས་ཤོས། ཞབས་ཞུ་བཟང་ཤོས་ཀྱིས་རིགས་སོ་སོའི་ཁེ་ལས་བོད་ལྗོངས་སུ་མ་འཇོག་དར་སྤེལ་ཡོང་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད། །