ནག་ཆུ་གྲོང་ཁྱེར་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཟུར་བྲིས།
པར་འདི་དག་ནི་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཉམས་འཆར་བའི་བྱང་ཐང་གི་གནམ་སྔོ་ཞིང་དྭངས་བ་དང་གསེར་མདོག་གི་ཉི་འོད་མུ་མཐའ་མེད་པའི་རྩྭ་ཐང་དུ་འཕྲོས་ནས་གང་སར་མཛེས་ཤིང་ལྟ་ན་སྡུག ཆེས་མཛེས་པའི་དུས་ཚིགས་འདིར་ནག་ཆུ་གྲོང་ཁྱེར་གྱིས་ལོ་གཅིག་ཐེངས་གཅིག་སྤེལ་བའི་འཆར་ཅན་རྟ་རྒྱུག་དུས་ཆེན་བསུས་ཡོད།
ཟླ9པའི་ཚེས5ཉིན། 2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་གེ་སར་རྟ་རྒྱུག་ཐང་དུ་གཟབ་རྒྱས་ངང་སྤེལ་མགོ་བརྩམས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དང་ས་གནས་འབྲོག་པ་མང་ཚོགས་འདི་གར་འཛོམས་ནས་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་རྩྭ་ཐང་གི་ལྷན་འཛོམས་འདིར་ཞུགས་ཡོད།
འཆར་ཅན་རྟ་རྒྱུག་དུས་ཆེན་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྩྭ་ཐང་གི་ལོ་རྒྱུས་མཚོན་པའི་སྙན་ངག་ཅིག་ཡིན། ལོ་རྒྱུས་ཐོག འབྲོག་པ་མང་ཚོགས་ཚོ་བ་རེ་རེར་བགོས་ནས་འཚོ་སྡོད་བྱས་ཡོད་པ་དང་། རྩྭ་ཆུ་འཛོམས་པོའི་དུས་ཚིགས་སུ་རྟ་རྒྱུག་འགྲན་བསྡུར་དང་གླི་གར་སོགས་རིག་གནས་དང་ལུས་རྩལ་གྱི་བྱ་འགུལ་སྤེལ་བ་ཡིན་ལ། དེས་རང་བྱུང་ཁམས་ཀྱི་སྐྱེས་སུ་འབུལ་བའི་དྲིན་མི་བརྗེད་པ་དང་འཚོ་བར་བཅངས་བའི་དགའ་ཞེན་མཚོན་ཡོད། དེང་སྐབས་གསོལ་སྟོན་གཟབ་རྒྱས་འདི་རིག་གནས་འགྲེམ་འཁྲབ་དང་ལུས་རྩལ་འགྲན་བསྡུར། ཚོང་ལས་ཉོ་འཚོང་བརྗེ་རེས། ཡུལ་སྐོར་འོས་སྦྱོར་བཅས་གཞི་གཅིག་ཏུ་འདྲེས་ནས་འཛམ་གླིང་ལ་ཁ་ཕྱོགས་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ཡོད། དེ་ག་རང་སྐྱོང་ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་པ་མ་ཟད། ད་དུང་གསོན་པའི་སྲོལ་རྒྱུན་ཞིག་དང་སྔར་བཞིན་འཚར་ལོངས་བྱུང་བའི་རིག་གནས་མཚོན་རྟགས་ཞིག་ཀྱང་ཡིན་པས། ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཁོང་ཡངས་རང་བཞིན་མངོན་ཡོད།
སྐབས་འདིའི་རྟ་རྒྱུག་དུས་ཆེན་གྱི“བགྲང་བྱ་དྲུག་ཅུར་ཏང་གི་བཀའ་དྲིན་ཚོར། མ་འོངས་ལེའུ་གསར་བ་བརྩམས་མགོ་ཚུགས”ཞེས་པ་བརྗོད་གཞི་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུའི་ལོན་པའི་འོད་སྟོང་འབར་བའི་ལོ་ཟླའི་དྲིན་མི་བརྗེད་པ་དང་། ཏང་གི་བཀའ་དྲིན་དང་ཐུགས་ཁུར་བློ་ལ་དམ་པོར་ངེས་ནས་མི་བརྗེད་པ། མ་འོངས་བའི་ལེའུ་གསར་བ་ཧུར་ཐག་བརྩམས་ནས་ནག་ཆུའི་འབྱུང་འགྱུར་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་རྒྱུར་རྒྱང་ལྟ་བྱས་ཡོད།
ཤེས་གསལ་བྱུང་བ་ལྟར་ན། སྐབས་འདིའི་རྟ་རྒྱུག་དུས་ཆེན་གྱིས་མུ་མཐུད་དུ“9+3”གྱི་རྣམ་པ་སྤྱད་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་ཡོད། ཟླ8པའི་ཚེས27ཉིན་ནས་བཟུང་ཉིན་རེར་བརྗོད་གཞི་མི་འདྲ་བའི་རིག་རྩལ་འགྲེམ་འཁྲབ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན། རིག་གནས་ཚོང་འདུས་ལས་དོན་གཉེར་བ་རེད། ཟླ9པའི་ཚེས5ཉིན་ནས་ཚེས7ཉིན་བར་རྟ་རྒྱུག་འགྲན་བསྡུར་རྟིང་རྩོད་འགྲན་བསྡུར་གྱི་རྣམ་གྲངས7གཅིག་རྗེས་གཉིས་མཐུད་ངང་སྤེལ་ཤིང་། དེའི་ཁྲོད་རྣམ་གྲགས་སྣ་གཅིག་གི་བྱ་དགའ་མཐོ་ཤོས་སྒོར་ཁྲི15ལ་སླེབས་ཡོད་པ་དང་། མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་ལས་རྡོ་འགྱོག་པ་དང་ཐག་འཐེན། གླང་ཆེན་ས་གཤག་སོགས་སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་རྣམ་གྲངས་དང་རོང་འབྲོག་པའི་སྤྲོ་སྣང་ལུས་རྩལ་འགྲན་ཚོགས། བོད་ཀྱི་ཤོ་རྡེའུ་སོགས་སྤྲོ་སྣང་ལྡན་པའི་འགྲན་སྡུར་རྣམ་གྲངས12བཀོད་སྒྲིག་བྱས་ཏེ་རོང་འབྲོག་པར་ཤེས་རིག་ཡོན་ཏན་ངོམ་པའི་གར་སྟེགས་བསྐྲུན་ཡོད། དགོང་མོར་སླེབས་པ་ན་རྩྭ་ཐང་གི་རོལ་དབྱངས་དུས་ཆེན་དང་མི་སྟོང་གི་སྐོར་བྲོ། མི་མེད་གནམ་གྲུའི་འཁྲབ་སྟོན་སོགས་ཀྱིས་བྱང་ཐང་མི་དམངས་ཀྱི་སྤྲོ་སེམས་རབ་ཏུ་འཁོལ་བར་བྱས་པ་དང་། རྟ་རྒྱུག་དུས་ཆེན་འདི་ཉིད་ཉིན་མཚན་མེད་པའི་དམངས་ཡོངས་གསོལ་སྟོན་གཟབ་རྒྱས་ཞིག་གྱུར་ཡོད། །