ཀྲུང་གོ་བོད་ཀྱི་དྲ་བ།

“རྩྭ་ཆུ་གང་བཟང་དུ་སྡོད་པ”ནས“འཚོ་སྡོད་དང་ལས་གཏོད་ལ་འཚམ་པའི”བདེ་སྐྱིད་ཀྱི་འཚོ་བ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཧང་ཅཱ་གྲོང་གསར་གྱི་ཕྱིའི་བཀོད་པ་རེད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་ཚུན་དུ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་མདངས་འོག བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་འཆར་གཞིའི་རི་མོ་མཐའ་འཁྱོལ་བར་བྲིས་ནས་བྱ་གཞག་ཁག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་ཏེ་ཆབ་སྲིད་ལྷིང་འཇགས་དང་སྤྱི་ཚོགས་བརྟན་བརླིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། རིག་གནས་དར་རྒྱས། སྐྱེ་ཁམས་ལེགས་པ། མི་དམངས་བདེ་སྐྱིད་ཀྱི་དར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་ཡོད་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་བ་སྐྲུན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

དམངས་འཚོ་ལེགས་བཅོས་ཐད"ལྟོ་གོས་གཉིས་འཛོམས་ཀྱི་འཚོ་བ"ནས"རྒྱུ་སྤུས་ལྡན་པའི་འཚོ་བར"སྤོས་པ།

ཟླ6པའི་ཟླ་མཇུག་ཏུ་གསེར་རྙེད་ཆུས་ཧང་ཅཱ་གྲོང་གསར་གྱི་གྲོང་མི་སྙན་གྲགས་བཟའ་མི5བོ་སྡོད་ཁང་གསར་བའི་ནས་སྤོས་པ་དང་། ཐོག་བརྩེགས་གཉིས་པའི་ཐོག་ཁང་ཆུང་ངུ་དང་ཁྱམས་ར་ཚང་མར་སྨི་གྲུ་བཞི་མ240ཡོད་པས། བཟའ་མི་གང་བའི་གདོང་དུ་དགའ་སྤྲོའི་མཛུམ་གྱིས་ཁེངས་ཡོད། ཁོང་གིས་གསར་འགོད་པར་བཤད་རྒྱུར། "ད་ལྟའི་འཚོ་བ་དངོས་ནས་སྐྱིད་པོ་རེད། ཏང་དང་སྲིད་གཞུང་གིས་ང་ཚོར་རོགས་རམ་མང་པོ་བྱས་ཡོད། འཚོ་སྡོད་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་པ་མ་ཟད། བྱིས་པར་སློབ་རིན་སྟེར་མི་དགོས་པ་དང་། ན་ཚ་བྱུང་ནས་སྨན་པར་བསྟེན་ནའང་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་ཡོད་པས། འཚོ་བར་འབྱུང་འགྱུར་གྱི་སེམས་ཁྲལ་གཅིག་ཀྱང་མེད་དོ"།

ཧང་ཅཱ་གྲོང་གསར་གྱི་མིང་ལ་སྔོན་དུ་ནོར་སྒང་གྲོང་ཚོ་ཟེར། དེ་གའི་མང་ཚོགས་ཁ་ཐོར་དུ་སྡོད་པ་དང་ཆ་རྐྱེན་བལྟོས་བཅོས་རྗེས་ལུས་ཡིན་པས་ཆེས་ཐག་རིང་ས་ཁུལ་དུ་སྡོད་པའི་ཁྱིམ་དུད་འགའི་འགྲོ་ལམ་མི་ལེགས་པ་མ་ཟད། ཐ་ན་དྲ་རྒྱའི་བརྡ་རྟགས་ཀྱང་མེད། ད་ལྟ་གྲོང་མི་རྣམས་ཧང་ཅཱ་གྲོང་གསར་གྱི་སྡོད་ཁང་གསར་བའི་ནང་བསྡད་ཡོད་པ་དང་། འདི་གར་ཆུ་གློག་དང་དྲོད་རླངས། དྲ་རྒྱའི་བརྡ་རྟགས་སོགས་འཚོ་བའི་མཁོ་ཆས་ཚང་མ་འཛོམས་པོ་ཡོད།

ནོར་སྒང་གྲོང་ཚོའི་འཕོ་འགྱུར་ནི་ནག་ཆུ་གྲོང་ཁྱེར་གྱི་དམངས་འཚོ་ལེགས་བཅོས་བསྡུས་རིས་ཞིག་ཡིན། ལོ་ངོ60ཡི་རིང་ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐར་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་འགན་སྲུང་དེ་ལས་དོན་ཡོད་ཚད་ཀྱི་རྐང་འཛུགས་ས་དང་དོན་བབས་སར་བརྩིས་ཏེ། བདེ་སྡོད་ལས་གཞི་དང་ཡུལ་གཞན་དུ་གནས་སྤོ། སྤྱིལ་ཁྱིམ་དུལ་བསྒྱུར་བཀོད། འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ལག་བསྟར་བྱས་ནས་རོང་འབྲོག་མང་ཚོགས་བདེ་འཇགས་བག་ཕེབས་ཀྱི་སྡོད་ཁང་གསར་བའི་ནང་སྤོ་རུ་བཅུག་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བྱིས་དུས་སྐྱོང་མཁན་ཡོད་པ་དང་རྒས་དུས་འཚོ་རྟེན་ཡོད་པ། རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། ཉམས་ཞན་ལ་རོགས་སྐྱོར་ཡོད་པ། དམངས་ལ་སྡོད་གནས་ཡོད་པ་མངོན་འགྱུར་བྱུང་ནས་འཚོ་བ་སྔར་ལས་ཇེ་སྐྱིད་དུ་ཕྱིན་ཡོད།

སྙན་རོང་རྫོང་རྫོང་མཁར་གྱི་བྱང་རྒྱུད་དུ་གནས་པའི་སྲང་ལུང་ཤང་སློབ་ཆུང་གིས2024ལོར་སློབ་ཁང་དང་། སློབ་མའི་ཉལ་ཁང་། ལས་བཟོ་བའི་ཉལ་ཁང་། སློབ་མའི་ཟ་ཁང་སོགས་རྨང་གཞི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་བ། རྣམ་པ་གསར་རྐྱང་གི་སྲང་ལུང་ཤང་སློབ་ཆུང་དངོས་སུ་སྤྱོད་མགོ་ཚུགས་པ་དང་བསྟུན་ནས་ཉེ་འཁོར་གྱི་རང་བྱུང་གྲོང་ཚོ10ཡི་འབྲོག་པ་མང་ཚོགས་ཀྱི་བྱིས་པ་ཐག་ཉེ་སར་སློབ་གྲྭ་འགྲོ་བའི་དགོས་མཁོ་བསྐངས་ཡོད། 

མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་བསྡོམས་པས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ462བསྐྲུན་ཡོད་པ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་དབང་བོ་སྐྱོན་ཅན་བྱིས་པ་སློབ་གྲྭར་ཞུགས་ཚད་སོ་སོར98%དང100%སླེབས་ཡོད། སྔོན་ཆད་དེ་གར་དགེ་རྒན་གྱི་དཔུང་སྡེ་དཀོན་པ་དང་སློབ་ཁྲིད་ཀྱི་སྒྲིག་བཀོད་ཐབས་ཆག་ཡིན་པས་བྱིས་པ་མང་པོའི་སློབ་གཉེར་གྱི་ལམ་བུ་ཧ་ཅང་དཀའ་ལས་ཁག་པོ་ཡིན། དེང་སྐབས། དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་འགྱིང་ངེར་ལངས་ཡོད་པ་དང་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་ཡོད་པས། ས་གནས་ཀྱི་བྱིས་པ་མང་པོས་ཤེས་བྱར་བརྟེན་ནས་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 

ནག་ཆུ་གྲོང་ཁྱེར་གྱི་སྨན་འཕྲོད་བསྟེན་བྱ་གཞག་ཀྱང་དེ་དང་འདྲ་བར་ཡུན་རིང་འཕེལ་རྒྱས་ཕྱིན་ཡོད། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྔ་མ་ནི1954ལོར་བཙུགས་པའི་ཀྲུང་གུང་ནག་ཆུའི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་འཕྲོད་བསྟེན་ཁང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ"ཚོགས་སྒྲིག་རྣམ་པའི"སྨན་བཅོས་བོད་སྐྱོར་གྱི་རོགས་རམ་འོག སྨན་ཁང་གིས་བསྟུད་མར་རིམ་པ་གསུམ་པའི་ག་བ་དང་རིམ་པ་གསུམ་པའི་ཀ་བའི་སྨན་ཁང་བཏོད་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་དང་སྨན་བཅོས་ཆུ་ཚད་མུ་མཐུད་མཐོར་འདེགས་སུ་ཕྱིན་ཡོད། ད་ལོར་སྨན་ཁང་གི་ལྟེ་གནས་ཆེན་པོ་ལྔར(གཟའ་ཕོག་པ་དང་། རྨས་སྐྱོན། བྲང་ཁོག་ན་བ། ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྲོག་སྐྱོབ་སྨན་བཅོས་ལྟེ་གནས)གཅིག་རྗེས་གཉིས་མཐུད་ངང་སྒོ་བྱང་བཀལ་ནས་འཛམ་གླིང་ཡང་རྩེར་དངོས་སུ་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་མགོ་བརྩམས།

ནག་ཆུ་གྲོང་ཁྱེར་འདི་ཉིད་སྔོན་ཆད་སྨན་པ་དཀོན་ལ་སྨན་རྫས་ཉུང་བའི་ས་ཆ་ཡིན་པས་མང་ཚོགས་ཀྱིས་སྨན་པ་བསྟེན་པར་ཐག་རིང་འགྲུལ་བཞུད་བྱེད་དགོས། དེང་སང་ནག་གྲོང་ཁྱེར་དུ་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་ཡོད་པས། རོང་འབྲོག་མང་ཚོགས་ཀྱིས་སྒོ་རྩར་སྔར་ལས་སྟབས་བདེ་དང་ནུས་པ་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་། བདེ་ཐང་ལ་འགན་སྲུང་སྔར་ལས་བརྟན་པོ་ཡོད།

སྐྱེ་ཁམས་འཛུགས་སྐྲུན་ཐད"ཕྱོགས་གཅིག་སློང་ལེན"ནས"ལྗང་མདོག་འཕེལ་རྒྱས"བྱུང་བ།

ནག་ཆུ་གྲོང་ཁྱེར་ནི་མཚོ་བོད་མཐོ་སྒང་གི་དབུས་ཁུལ་དུ་གནས་པ་དང་། འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུའི་མགོ་ས་ཁོངས་སུ་ཡོད་པས། སྐྱེ་ཁམས་གོ་གནས་ཧ་ཅང་གལ་འགངས་ཆེ། ལོ་ངོ60ཡི་རིང་ནག་ཆུ་གྲོང་ཁྱེར་གྱིས"ཕྱོགས་གཅིག་སློང་ལེན"ནས"ལྗང་མདོག་འཕེལ་རྒྱས"ཀྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་ཡོད།

ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་ཉི་མ་ལུང་གྲོང་ཚོའི་གྲོང་མི་སངས་ཚེ་ད་ལོར་དགུང་ལོ63ལ་ལོན་པ་དང་། ཁོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཀྱི་འཕོ་འགྱུར་ལ་དཔང་བོ་བྱས་ཡོད། 

ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྨྲི་ཊི་ཁའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གདང་ལ་རི་བོའི་བྱང་རྒྱུད་ས་ཁོངས་སོགས་སྐྱེ་ཁམས་བྱེད་ནུས་ཁུལ་བཏོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི51.7%ཟིན་པ། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཚོགས་ཁྱུའི་གྲངས་འབོར་ལོ་བཅུའི་གོང་ལས5%ཡན་འཕར་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་མཐོ་སྒང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་ལེགས་ཆ་དཔལ་འབྱོར་ལེགས་ཆར་སྒྱུར་ཡོད། 

སྔོན་ཆད་ནག་ཆུའི་སྒོ་ཕྱུགས་ཐོན་ལས་མང་ཆེ་བ་ཁ་ཐོར་ཕྱུགས་འཚོ་བའི་གསོ་སྤེལ་བྱེད་སྟངས་ཡིན་ལ། སྲིད་ཇུས་རོགས་སྐྱོར་དང་ཚན་རིག་ཡར་ཐོན་དུ་སོང་བ་དང་བསྟུན་ནས་སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་སོགས་བདག་གཉེར་བྱེད་སྟངས་རིམ་བཞིན་འཕེལ་ཕྱོགས་གཙོ་བོར་གྱུར་ནས། ཕྱུགས་ལས་ཐོན་ལས་དེང་རབས་ཅན་དུ་ཚུལ་སྒྱུར་ལ་སྐུལ་འདེད་བཏང་།

མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་ཞིང་ཕྱུགས་ལས་དེང་རབས་ཐོན་ལས་གླིང་ཁུལ1བཙུགས་ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས3དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས19ཡོད་པ། རྒྱལ་ཁབ་རིམ་པའི་མཉམ་ལས་ཁང32དང་རང་སྐྱོང་ལྗོངས་རིམ་པའི་མཉམ་ལས་ཁང11། རང་སྐྱོང་ལྗོངས་རིམ་པའི་ཁྱིམ་ཚང་འབྲོག་ར7བཅས་གསར་སྐྲུན་བྱས་ཡོད་པ་དང་། ཁྱིམ་ཚང་འབྲོག་ར3465དང་གསོ་སྤེལ་དུད་ཆེན4564ཐོ་འགོད་བྱས་ཡོད། 2024ལོར་ཞིང་ཕྱུགས་ཐོན་ལས་ཀྱི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.91ལ་སླེབས་པ་དང་དུས་མཉམ་ལས12.4%འཕར་ཡོད།

འདས་ཟིན་པར་ཕྱིར་ལྟ་བྱས་བའི་ཚེ། ནག་ཆུའི་དཔལ་འབྱོར་གཞི་རྩའི་ཆ་ནས་སྣ་གཅིག་ཉམས་ཞན་གྱི་སྲོལ་རྒྱུན་ཕྱུགས་ལས་ཡིན་པ་དང་། གནམ་ལ་བརྟེན་ཏེ་ཕྱུགས་འཚོ་བ་དང་ཕྱུགས་རིགས་སྤོ་འཚོ་བྱས་པས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཧ་ཅང་དམའ་བ་ཡིན། ལོ་ངོ602ཡི་རིང་འཕེལ་རྒྱས་བྱུང་བ་བརྒྱུད་ནག་ཆུའི་སྲོལ་རྒྱུན་ཕྱུགས་ལས་ནས་ནུས་ཁུངས་གཙང་མ་དང་ཁྱད་ལྡན་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་སྣ་མང་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད།

སྔོན་ཆད་ཀྱི་རྩྭ་ཐང་ཐོན་ཁུངས་ཕྱོགས་གཅིག་ནས་སློང་ལེན་བྱེད་པ་ནས་ད་ལྟའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྐར་ཚོགས་ལྟར་བཀྲམ་པ་དང་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་བྱུང་སྟེ། མཐོ་སྒང་གི་ས་གཞི་ཆེན་པོ་འདིས་རི་སྔོ་ཆུ་དྭངས་སྲུང་བ་མ་ཟད། སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་གསར་བའང་རྙེད་ཡོད་པས། བྱ་སྤྱོད་དངོས་ཀྱིས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆམ་མཐུན་ལེའུ་འབྲི་བཞིན་ཡོད། 

རྨང་གཞིའི་སྒྲིག་བཀོད་ཐད"རྗེས་ལུས་དཀོན་པ"ནས"ཕན་ཚུན་སྦྲེལ་མཐུད"མངོན་འགྱུར་བྱུང་བ།

ནག་ཆུ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི"བྱང་སྒོ་ཆེན་མོ"ཡིན་པས། གཞུང་ལམ་དང་ལྕགས་ལམ། སྣུམ་རླངས། འོད་སྐུད། གློག་ཤུགས་བཅས་ཚེ་སྲོག་ལམ་ཐིག་ལྔའི་གྲུབ་པའི"མཁའ་ལམ་བར་ཁྱམས"དེ་གའི་མངའ་ཁོངས་བརྒྱུད་ནས་བགྲོད་ཡོད། དེང་སྐབས་ནག་ཆུ་གྲོང་ཁྱེར་གྱི་གཞུང་ལམ་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི3.57ལ་སླེབས་པ་དང་། རྫོང་དང་ཤང་། གྲོང་ཚོ་བཅས་སུ་བདེ་བགྲོད་ཐུབ་ཚད་སོ་སོར100%དང་། 96.64%། 73.52%ཟིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་མང་པོས་ནག་ཆུ་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་སྔར་བས་དམ་ཟབ་དུ་བཏང་ཡོད།

ཨ་མདོ་རྫོང་ནས་ལྷོ་ཕྱོགས་སུ་སྐྱོད་དེ་ནག་ཆུའི་བར་གྱི་རླུང་ཤུགས་གློག་འདོན་འཕྲུལ་ཆས་རེ་རེ་དང་འོད་ནུས་ལེབ་པང་རེ་རེ་ཡིས་ནག་ཆུའི་འཕེལ་རྒྱས་ཐད་ལྗང་མདོག་ནུས་ཁོངས་མཁོ་འདོན་བྱས་ཡོད། སྔོན་ཆད་ནག་ཆུའི་ས་ཆ་མང་ཆེ་ཤོས་སུ་སྣུམ་སྒྲོན་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས། གློག་ཤུགས་དཀོན་པ་ཡིས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ནན་མོ་ཐེབས་ཡོད། དེང་སང་རྫོང་གི་གློག་དྲ་གཙོ་བོ་ཡོངས་སུ་ཁྱབ་པ་དང་། གློག་འདོན་བློ་འགེལ་ཆོག་ཚད99.63%ལ་སླེབས་ཡོད།

ནག་ཆུའི་འཕྲིན་གཏོང་སྒྲིག་བཀོད་ཀྱང་དེ་དང་འདྲ་བར་ཉིན་རེ་བཞིན་འཕེལ་རྒྱས་སུ་ཕྱིན་ནས་དྲ་ཡངས་དྲ་རྒྱ་རྫོང་དང་གྲོང་གསེབ་ཡོངས་སུ་ཁྱབ་པ། སྔོན་ཆད་ཆ་འཕྲིན་གོ་རྒྱུ་ཚོར་རྒྱུ་ཉུང་བའི་ནག་ཆུ་འདི་ཉིད་དེང་སང་འཛམ་གླིང་དང་སྦྲེལ་མཐུན་དམ་ཟབ་བྱས་ཡོད། རོང་འབྲོག་པས་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་རང་ཁྱིམ་གྱི་ཞིང་ཕྱུགས་ཐོན་རྫས་བཙོང་བ་དང་། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་བ་བསྣན་ཡོད།

དམངས་འཚོ་ལེགས་བཅོས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་དཔལ་འབྱོར་འཕུར་བ་ལྟར་གོང་དུ་འཕེལ་ཏེ། ནག་ཆུ་འདི་ཉིད་ཉམས་འགྱུར་གསར་བ་ཡིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་སྤོ་བཞིན་ཡོད། ལོ་ངོ60ཡི་རིང་ནག་ཆུ་གྲོང་ཁྱེར་གྱིས་དབུལ་ཞིང་སྟོང་བ་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་འཕོ་འགྱུར་མངོན་འགྱུར་བྱུང་བ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར246.34ཟིན་ནས1990ལོ་ལས་ལྡབ82.51འཕར་བ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་གི་སྤྱིའི་བསྡོམས་འབོར་སྒོར་དུང་ཕྱུར138.44སླེབས་ནས1990ལོ་ལས་ལྡབ460.47འཕར་བ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར40.47ལ་སླེབས་ནས1990ལོ་ལས་ལྡབ50.01འཕར་བ། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55499ལ་སླེབས་ནས1990ལོ་ལས་ལྡབ30.62འཕར་བ། རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20099ལ་སླེབས་ནས1990ལོ་ལས་ལྡབ47.81འཕར་ཡོད།

རྐང་འཛུགས་ས་གསར་བར་ཡར་ལངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་པ་དང་། ནག་ཆུའི་མི་རིགས་སོ་སོའི་བུ་དང་བུ་མོས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་ཀྱིས་འོད་སྟོང་འབར་བའི་ལེའུ་གསར་བ་འབྲི་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།