བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་འདྲ་བསྐྱེད་ནོར་གནག“གནམ་མཚོ1#”ཉེ་སྔོན་སྐྱེས་པ་དང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་འབྲོང་ཐོན་ལས་ལ2024ལོའི“རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ཐོན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་བ”དང“རྒྱལ་ཁབ་སྐྱེ་ཁམས་ཐོན་གནས་ཀྱི་སྲུང་སྐྱོབ་ཐོན་རྫས”ཀྱི་བདེན་དཔང་ར་སྤྲོད་གཉིས་ཐོབ་པ། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དམར་རྩ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཉི་མ་དོན་གྲུབ་ཀྱིས་ལག་ཁྱེར་ཁ་པར་ཐོག་གིAPPབརྒྱུད་ནས་ནོར་གནག་་བརྒྱ་ཕྲག་གི་འགུལ་རྣམ་ལ་དུས་ཐོག་ཏུ་རྒྱུས་ལོན་བྱས།
ནོར་གནག་ཐོན་ལས་ཀྱི་འགྱུར་ལྡོག་ནི་བོད་ལྗོངས་ཀྱིས་མཐོ་སྒང་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་ཚུགས་ནས་ཡང་དག་པ་དང་ཆ་ཚང་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པའི་བསྡུས་རིས་ཡིན།
རིག་གནས་ཡུལ་སྐོར་དང་ནུས་ཁུངས་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་ལས། བོད་ལུགས་གསོ་རིག་དང་བོད་སྨན། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་འཚོང་ཟོག་སྐྱེལ། ཀུན་སྤྱོད་མཁའ་འགྲུལ་སོགས་བོད་ལྗོངས་ཀྱིས་ཐོན་ལས་ཆེན་པོ་དགུར་དམིགས་ནས་མཐོ་སྒང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་། ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1382.72ལ་སླེབས་ནས་དུས་མཉམ་ལས7.2%འཕར་ཡོད་པ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཉམ་ལས14.8%འཕར་བ། གཏན་འཇགས་རྒྱུ་ནོར་མ་འཇོག་དུས་མཉམ་ལས24.8%འཕར་བ། སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཉམ་ལས7.6%འཕར་ཡོད།
འགུལ་ནུས་གསར་སྒྱུར་བྱུང་སྟེ་ལྗང་མདོག་ལ་བརྟེན་ནས་འཕར་སྣོན་ལ་སྐུལ་འདེད་བཏང་བ།
ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་གི་རླུང་ཤུགས་འཕྲུལ་འཁོར་རེ་རེ་རྒྱུན་ཆད་མེད་པར་འཁོར་འགུལ་བྱེད་བཞིན་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་ལྡན་ཁང་གསར་ནུས་ཁུངས་གཙང་མའི་ཐོན་ལས་གླིང་ཁུལ་གྱི་ཡུག་འབྲེལ་འོད་ཤུགས་པང་ལེབ་ཀྱི་འོད་ཆེམ་ཆེམ་དུ་འཕྲོ་བ། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཉི་ནུས་གཅིག་བསྡུས་དྲོད་འདོན་རྣམ་གྲངས་ཀྱིས་ས་བབ་མཐོ་ཚད་སྨི4700ཡས་མས་ཀྱི་གྲང་ངར་ཆེ་བའི་གྲོང་རྡལ་ཆུང་ངུར་དྲོད་ཁོལ་བསྩལ།
སྔོན་ཆད་སྣུམ་སྒྲོན་གྱི་འོད་སྣང་གསལ་བ་ནས་ད་ལྟར་མཚོ་བོད་དང་ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4བསྐྲུན་ཡོད་པ་དང་། བོད་ལྗོངས་ཀྱི་ནུས་ཁུངས་གཙང་མའི་གློག་འདོན་ཚད99%ལས་བརྒལ་བ་དང་ནུས་ཁུངས་གཙང་མ་ཕྱིར་སྐྱེལ་ཆན་ཝ་དུང་ཕྱུར161ལས་བརྒལ་ནས་དབྱང་གཉིས་ཐཱན་རྫས་ཏུན་ཁྲི1386ཙམ་ཉུང་གཏོང་བྱས་པ་དང་མཚུངས། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་དམིགས་ཏེ། བོད་ལྗོངས་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་རང་སྤུས་ལ་རྐང་ཚུགས་ནས་ནུས་ཤུགས་ཡོད་རྒུས་ཆུ་དང་རླུང་། འོད། ཚ་ནུས་སོགས་ནུས་ཁུངས་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གསར་དར་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་རྒྱ་སྐྱེད་དུ་བཏང་།
ད་ལོའི་ཟླ3པར། ནུས་ཁུངས་གསར་བའི་རླངས་འཁོར150བོད་ལྗོངས་གཞིས་ཀ་རྩེའི་རྒྱལ་སྤྱིའི་སྐམ་སའི་འགག་སྒོའི་དངོས་ཟོག་ཕྱིར་གཏོང་དཔྱད་བཤེར་ས་ཚིགས་སུ་སྒོ་ཁྲལ་གནས་ཞུ་ལེགས་འགྲུབ་བྱུང་རྗེས། འགྲམ་འགག་སྒོ་བརྒྱུད་ནས་ནེ་པ་ལར་དབོར་འདྲེན་བྱས།
“ལྗང་མདོག་ནི་བོད་ལྗོངས་ཕྱི་ཕྱོགས་ཉོ་འཚོང་གི་ཁྱད་ཆོས་ཡིན”ལྷ་སའི་འགག་སྒོའི་མགོ་དཔོན་གཞོན་པ་ལིས་སུང་གིས་ངོ་སྤྲོད་བྱས་པ་ལྟར་ན། 1965ལོར་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་ཁྲི693ཙམ་དང་ད་ལྟ་ལོ་རེའི་ཆ་སྙོམས་གཞི་ཁྱོན་སྒོར་དུང་ཕྱུར་བརྒྱའི་ཡན་དུ་སླེབས་ཡོད། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱིས་ལུག་བལ་དང་ཁུ་ལུ། ཀུ་ཤུ་སོས་མ། ནས་ཀྱི་གྲུབ་རྫས། བོད་སྤོས་སོགས་ལྗང་མདོག་ཐོན་རྫས་སྒོར་ཁྲི3000ཙམ་ཕྱིར་གཏོང་བྱས།
མཐོ་སྒང་ཞིང་ཕྱུགས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ནུས་ཁུངས་གཙང་མའི་ཐོན་ལས་དང་ལྗང་མདོག་བཟོ་ལས་སྟོབས་ཆེན་སྒོས་འཕར་བ། མཐོ་གསར་གྲངས་འཛིན་ཐོན་ལས་དང་མཐའ་མཚམས་ཉོ་ཚོང་ཟོག་སྐྱེལ་སྤུས་འདེགས་རྒྱ་སྐྱེད་བྱུང་བ་སོགས་ཐོན་ལས་ཆེན་པོ་དགུ་དཔུང་གཤིབ་མཉམ་སྐྱོད་བྱས་ཏེ། བོད་ལྗོངས་ཀྱི་ན་ནིང་གི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2765ལ་འདེགས་སྐྱོར་བྱས་པ་དང་། དུས་མཉམ་ལས6.3%འཕར་ནས་དཔལ་འབྱོར་དམིགས་ཚད་མང་པོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད།
མཁའ་ལམ་གྱི་རྨང་གཞི་བཏིངས་ནས་ལངས་གཟུགས་ལམ་དྲའི་ཁྲག་རྒྱུན་ཐོགས་མེད་བདེ་བགྲོད་ཐུབ་པ།
རྒྱལ་ཡོངས་ཀྱི་མཇུག་མཐའི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་སྟེ་མེ་ཏོག་རྫོང་འདི་ཉིད་སྒེར་འཁོར་སྐོར་ནས་ཡུལ་སྐོར་གྱི་ཡུལ་སྐོར་དམིགས་ས་ཚ་ཤོས་སུ་གྱུར་ཡོད། མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོའི་འགྲོ་ལམ་ཇེ་ལེགས་སུ་ཕྱིན་ནས་ཕྱོགས་གཉིས་ཀྱི་ཨར་འདམ་ལམ་དུ་གྱུར་ཡོད་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་ཕྱིན་པ། ཞིང་ལས་ཁྱད་ཐོན་དངོས་རྫས་བྲིན་ཚོང་བྱུང་བ། “འགྲོ་ལམ་ལེགས་པོ་བསྐྲུན་ཐུབ་ན། ད་གཟོད་མང་ཚོགས་ལ་ཚོང་ལས་གཉེར་བའི་སྒུལ་ཤུགས་ཡོད”གྲོང་ཚོ་ཨུན་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཕུན་ཚོགས་ཀྱིས་བཤད།
2024ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད100%ལ་སླེབས་པ། མཐོ་རིམ་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ1196ལས་བརྒལ་བ་དང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི12.49ལས་བརྒལ་བ། གཞུང་ལམ་རྨང་གཞི་ཡིན་པ་དང་། ལྕགས་ལམ་དང་མཁའ་ལམ། སྦུག་ལམ་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་ཉིན་བཞིན་འཐུས་ཚང་དུ་ཕྱིན་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།
ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་ཡོད་པས། མིའི་འཚོ་བ་སྟབས་བདེ་དང་ཟོག་སྐྱེལ་སྔར་བས་ཐོགས་མེད་ཤར་སྐྱོད་ཐུབ་ཡོད། གཏེར་ཆུ་དང་ཨར་ལས་རྒྱུ་ཆ། སྐྱེལ་སྒུག་རླངས་འཁོར་སོགས་མཚོ་བོད་ལྕགས་ལམ་ལྷ་སའི་རླངས་འཁོར་དོ་དམ་ས་ཚིགས་ལྷ་སའི་ནུབ་ཚིགས་དོས་རར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ལྷ་སའི་ནུབ་ཚིགས་ཀྱི་ལྕགས་ལམ་དོས་རར་དངོས་ཟོག་ཏུན་ཁྲི350.84དབོར་འདྲེན་བྱས་ནས་དུས་མཉམ་ལས7.27%འཕར་བ། ཟླ7པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་ལྕགས་ལམ་འཁོར་སྐྱོད་ཚོང་གཉེར་ལམ་ཐག་སྤྱི་ལེ1359ལ་སླེབས་པ་དང་། མཚོ་བོད་ལྕགས་ལམ་གྱི་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་གི་འགྲུལ་བ་མི་ཐེངས་ཁྲི4002.79སྐྱེལ་ལེན་བྱས་པ་དང་དངོས་ཟོག་ཏུན་ཁྲི9639.11དབོར་འདྲེན་བྱས་ཡོད།
ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་འཚོང་སྔར་ལས་སྟབས་བདེ་རུ་ཕྱིན་པ། ད་ལོའི་ཟླ7པར་ལྷ་ས་ནས་ཧུའུ་པེ་ཨུ་ཀྲོའུ་དབར་གྱི་ཆེད་དོན་དངོས་ཟོག་སྐྱེལ་འདྲེན་མཁའ་ལམ་དུས་བཅད་ལྟར་ཤར་གཏོང་ཐུབ་པ་དང་། དུས་གཏན་གནམ་གྲུ་ཐོག་མའི་དོས་རར་དངོས་ཟོག་ཏུན16.7བསྐྱལ་ཡོང་བ་དང་དངོས་ཟོག་ཏུན6.9གྲུ་ཁ་ནས་ཕྱིར་གཏོང་བྱས། “མཁའ་ལམ་འཁོར་སྐྱོད་ཚོང་གཉེར་བྱས་པ་ཡིས་དངོས་ཟོག་སོས་མ་སྐྱེལ་འདྲེན་བྱ་རྒྱུར་དུས་ཚོད་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད”ཅེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་གནམ་གྲུ་ཐང་སྡེ་ཚོགས་དངོས་ཟོག་སྐྱེལ་འདྲེན་པུའུ་ཡི་སྤྱི་གཉེར་བ་ཝུའུ་ཏུང་ཅེ་ཡིས་བཤད།
མཐོ་སྒང་དུ་སྒེར་འཁོར་སྐོར་ནས་ཡུལ་སྐོར་དུ་འགྲོ་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་པ། བསྡོམས་རྩིས་བྱས་པ་ལྟར་ན། ལྷ་སའི་ནུབ་ཚིགས་སུ་རླངས་འཁོར་མངག་སྐྱེལ་གྱི་མངག་ཐོ་ཟླ་རེར་སྟོང་གི་ཡས་མས་བསྡུ་ལེན་བྱེད་བཞིན་ཡོད་ལ། ཡུལ་སྐོར་བ་སྔར་ལས་མང་པོས་ལྕགས་ལམ་བརྒྱུད་ནས་རླངས་འཁོར་མངག་སྐྱེལ་བྱ་རྒྱུ་གདམ་ག་བྱས་ཡོད།
མེ་ཏོག་གི་གཞུང་ལམ་གྱིས་གྲོང་ཁྱེར་ཆུང་ངུ་མེ་ཏོག་དང་ཕྱི་ཕྱོགས་ཀྱི་འབྲེལ་མ་སྦྲེལ་མཐུད་བྱས་ཡོད། སྔར་ལས་དར་རྒྱས་ཆེ་བའི་འགྲིམ་འགྲུལ་དྲ་རྒྱ་ཡིས་གངས་ལྗོངས་མཐོ་སྒང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟ་བུའི་སྒུལ་ཤུགས་བསྣན།
ཚན་རྩལ་གྱི་ནུས་པ་བསྩལ་ནས་ཐོན་ལས་དར་རྒྱས་ཀྱིས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་ཐོགས་པ།
“དྲོད་ཁང་ཆེན་མོར་བྱ་བ་སྒྲུབ་ན་ཉིན་གཅིག་གི་ཡོང་འབབ་སྒོར200ཡིན”མངའ་རིས་ས་ཁུལ་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་སྔོན་ཆད་ཀྱི་འབྲོག་པ་གཏིང་སྐྱེས་སྒྲོལ་དཀར་གྱིས་བཤད། ཁོ་མོ་དེང་སང་འདེབས་འཛུགས་ལག་ཤེས་ཅན་དུ་གྱུར་ཡོད། ཐོན་ལས་གླིང་གི་བདག་གཉེར་འགན་འཁུར་བ་ལིའུ་ཅང་གིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ནི་ཧྲན་ཞིས་བོད་སྐྱོར་ལས་དོན་རུ་ཁག་དང་ས་གནས་སྲིད་གཞུང་གིས་མཉམ་སྐྲུན་བྱས་པ་ཡིན་ལ། འདི་གར་འདེབས་འཛུགས་ལག་རྩལ་གསར་བ་ཁོང་དུ་ཆུད་པའི་ས་གནས་མང་ཚོགས་སྐོར་ཞིག་སྐྱེད་སྲིང་བྱས་ཡོད།
བོད་ལྗོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཁྲོད་ཐོག་མཐའ་བར་གསུམ་དུ་དམངས་ཕན་ལ་མཐོང་ཆེན་བྱས་ཏེ། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་སྩོལ་བ་དང་། ཚང་མར་དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་འགྲིལ་བའི་དོན་སྙིང་སྩོལ་བ་རྒྱུན་འཁྱོངས་བྱས་ནས་། ཚང་མ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོང་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་བར་ཕན་པ་རེད།
ཁྱད་ལྡན་ཞིང་ཕྱུགས་ལས་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་ཁྲིད་སྟོན་བྱས་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྤུ་རིང་ལུང་གཞུང་དུ་བོད་ལྗོངས་ཧོང་ནོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རྫོང3དང་གྲོང་ཚོ20སྐུལ་ཁྲིད་བྱས་ཏེ། བོད་བྱ་གསོ་སྤེལ་ལས་དོན་ནང་ཞུགས་ཡོད་པ་དང་གྲོང་ཚོ་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི23ཡན་དུ་སླེབས་ཡོད།
དེང་རབས་ཅན་ཟོག་སྐྱེལ་མུ་མཐུད་འཕེལ་རྒྱས་སུ་ཕྱིན་པ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་སྲང་ལམ་གྱི་ཅིན་ཏུང་རིག་ནུས་མཛོད་འཇུག་མ་ལག་གིས་ཕྱིར་འཚོང་གཞི་གྲངས་ལ་གཞིགས་ནས་མཛོད་དངོས་འགུལ་རྣམ་བཀོད་གཏོང་བྱེད་ཐུབ།“ཚོང་རྫས་སྔར་ལས་མང་པོ་ཉིན་དེར་འབྱོར་བ་དང་ཕྱི་ཉིན་འབྱོར་བ་མངོན་འགྱུར་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཧྲི་ཁྲིན་ཧྭ་ཡིས་བཤད།
ཀུན་ཕན་འཕེལ་རྒྱས་ཀྱིས་དམངས་འཚོའི་བདེ་རྩ་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་བ། 2019ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི62.8ཚང་མ་དབུལ་ཐར་བྱུང་བ། 2024ལོར་བོད་ལྗོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31358ལ་སླེབས་པ་དང་། དབུལ་ཐར་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དུས་མཉམ་ལས12.5%ཡན་འཕར་ཡོད།
ལོ་ངོ60རིང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པས་གངས་ལྗོངས་མཐོ་སྒང་གི་འཕེལ་རྒྱས་གསོན་ཤུགས་རྒྱ་ཆེར་ཁྱབ་ཡོད་ལ། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་གཞི་གསར་བ་འབྲི་བཞིན་ཡོད། །