ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་གཞིས་ཀ་རྩེའི་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལེགས་འགྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱས། གཞིས་ཀ་རྩེའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་པོ་ཡིན་པའི་ཆ་ནས་དེའི་འཛུགས་སྐྲུན་གྲུབ་ནས་དངོས་སུ་སྤྱོད་མགོ་ཚུགས་པ་ཡིས་གཞིས་ཀ་རྩེའི་མཐོ་རིམ་སློབ་གསོ“མེད་པ་ནས་ཡོད་པའི”ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་སློབ་གླིང་གིས་སློབ་མ234བདམ་ལེན་བྱས་ཡོད་པ་དང་། མཐོ་རྒྱུགས་དཀྱུས་མའི་རྒྱུགས་སྤྲོད་སློབ་མ་བདམ་ལེན་བྱས་ཚར་བ་དང་། ལྗོངས་ནང་ཁུལ་གྱི་ཁ་གཏད་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་རྒྱུགས་སྤྲོད་སློབ་མ་བདམ་ལེན་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།
སློབ་གླིང་གིས2025ལོའི་ཟླ9པའི་ཚེས15ཉིན་སློབ་མགོ་འཛུགས་རྒྱུ་ཡིན་པ་དང་། སྐོར་དང་པོར་ནད་གཡོག་དང་བུ་བཅོལ་ཞབས་ཞུ་དང་དོ་དམ། དེང་རབས་ཞིང་ལས་ལག་རྩལ། དེང་རབས་ཟོག་སྐྱེལ་དོ་དམ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་གསོ་བཅོས། བཟོ་སྐྲུན་ལས་གཞིའི་ལག་རྩལ་སོགས་ཆེད་ལས16འཛུགས་རྩིས་ཡོད་ལ། སྐབས་དང་པོར་སློབ་མ750(དེའི་ནང་ལྗོངས་ནང་ཁུལ་གྱི་སློབ་མ600དང་ལྗོངས་ཕྱིའི་སློབ་མ150)བསྡུ་ལེན་བྱས་ཡོད། དྲ་ཐོག་ཏུ་སློབ་མ་གསར་བ་བསྡུ་ལེན་ལས་དོན་ཟླ7པའི་ཚེས23ཉིན་དངོས་སུ་གཉེར་མགོ་ཚུགས་པ་དང་སྔོན་དཔག་བྱས་པ་ལྟར་ན་ཟླ8པའི་ཚེས31ཉིན་མཇུག་སྒྲིལ་བ་དང་། འབྲེལ་ཡོད་བདམ་ལེན་མིང་ཐོ་གཞིས་ཀ་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་སྤྱི་བསྒྲགས་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སློབ་གླིང་འདི་ཉིད་གཞིས་ཀ་རྩེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5བཏང་བ་དང་བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9.05ཡོད་པ་དང་དུས་མཉམ་དུ་སློབ་མ2400ཤོང་བ་རེད། སློབ་རའི་ནང་དཔེ་དེབ་ཀྱི་ཕྱོགས་བསྡུས་ཐོག་ཁང་དང་། ནང་མའི་ལུས་རྩལ་ཐང་། དངོས་སྦྱོང་ཐོག་ཁང་། སྤྱི་སྤྱོད་སློབ་ཁྲིད་ཐོག་ཁང་། སློབ་མའི་ཉལ་ཁང་། ཟ་ཁང་། སློབ་མའི་བྱེད་སྒོ་སྤེལ་ས་སོགས་ཁང་བསྟར14ཡི་རྐྱང་ཕུང་བཟོ་སྐྲུན་ཡོད་པ་དང་། དགེ་རྒན་གྱི་དཔུང་སྡེ་དང་སློབ་ཁྲིད། དངོས་སྦྱོང་སོགས་གྲ་སྒྲིག་ལེགས་པོ་བྱས་ཡོད་ལ། སྒོ་རྩིས་ཚོང་ཁང་དང་ཆུ་ཁོལ་ལེན་ས། ལྭ་བ་འཁྲུད་ཁང་། སྐྲ་བཞར་ཁང་། བསྐྱར་དཔར་ཁང་། མྱུར་སྐྱེལ་ས་ཚིགས་སོགས་འཚོ་བའི་སྒྲིག་བཀོད་ཚང་མ་འཛོམས་ཡོད། །