ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་ལ་བལྟས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་སྲང་ལམ་གྱི་ལས་བྱེད་མང་ཚོགས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་མངའ་རིས་ས་ཁུལ་སྒར་རྫོང་བདེ་སྐྱིད་ཁུལ་གསར་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་མང་ཚོགས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མོན་པ་ཤང་སྤར་ཁ་གྲོང་ཚོའི"ཨུ་ལྷན་གཉིས"ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག མང་ཚོགས་བཅས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི"ཨུ་ལྷན་གཉིས"ཀྱི་ཚན་ཁག་གིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལས་ཁུངས་ཁག་གི་འཐུས་མི་དང་མང་ཚོགས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

འདི་ནི་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་རུད་གྲོང་ཚོའི་མང་ཚོགས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་བའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ནི་མི་དམངས་ཀྱི་དུས་ཆེན་དང་། འདི་ནི་མང་ཚོགས་ཀྱི་ཚོགས་འདུ་གཟབ་རྒྱས་ཞིག་ཡིན། ཟླ8པའི་ཚེས21ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཁྲི2ལྷག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་སྤྲོའི་མཉམ་འཛོམས་བྱུང་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར62ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། དེ་དང་དུས་མཚུངས་སུ་མཐོ་སྒང་གི་བུ་དང་བུ་མོ་ཁྲི་ཚོ370ལ་སེམས་འགུལ་ཚད་མེད་ཐེབས་ཏེ་བརྙན་འཕྲིན་དང་རྒྱང་སྒྲོག དྲ་རྒྱའི་ཐད་གཏོང་སོགས་ལས་སྟེགས་བརྒྱུད་ནསརྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལྟ་ཉན་བྱས། སྔ་དྲོའི་ཆུ་ཚོད9དང་ཕྱེད་ཀའི་སྟེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཐང་ཆེན་དུ་གྲོང་མིས་ལུས་སུ་གཟབ་འཆོར་སྤྲས་པ་དང་། འདི་གར་འདུ་འཛོམས་བྱུང་ནས་ཚོགས་ཆེན་གྱི་མགོ་བརྩམས་རྒྱུར་སྒུག་ཡོད། འཆར་བརྙན་ལས་ཡང་བསྐྱར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཐོང་བའི་ཚེ་གྲོང་མི་ཚེ་རིང་དབང་རྒྱལ་གྱིས་བྱམས་བརྩེ་ལྷག་པར་ཆེ་བར་བསམ། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་ཕེབས་དུས་ཁོ་རང་ཡུལ་དངོས་སུ་ཡོད། "ངས་སྤྱི་ཁྱབ་ཧྲུའུ་ཅིར་གཏམ་བཟང་ཞིག་ཞུ་འདོད། ན་ནིང་རང་ཁྱིམ་གྱིས་སྐྱེལ་འདྲེན་གཉེར་བ་དང་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའི་ཡོང་འབབ་སྒོར་ཁྲི30ལྷག་ཡོད་པ་དང་། འཚོ་བ་ཇེ་བཟང་ནས་ཇེ་ལེགས་སུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར'ཁམ་བུའི་མེ་ཏོག་གྲོང་ཚོའི'ཚོང་རྟགས་ལེགས་པོར་གཉེར་རྒྱུར་རེ་བ་བཏོན་ཡོད་པས། ང་ཚོས་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིད་མདུན་དུ་སྐྱོད་པ་དང་། ཕ་ཡུལ་སྔར་ལས་ཡག་པོར་བསྐྲུན་དགོས"ཞེས་ཚེ་རིང་དབང་རྒྱལ་གྱིས་བཤད། 

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གནམ་གྲུ་ཐང་གི་གནམ་གྲུར་སྒུག་སྡོད་ཚོམས་ཆེན་དུ་ཡུལ་སྐོར་བ་སྐུ་ཞབས་ཁྲིན་དང་ཁྱིམ་མིས་ལག་ཁྱེར་ཁ་པར་བརྒྱུད་ནས་ཐད་གཏོང་ལ་ལྟ་བཞིན་ཡོད།"ཐེངས་སྔ་མ་བོད་ལྗོངས་སུ་ཡོང་དུས་ད་རུང་ལོ་ངོ10ཡི་སྔོན་ཡིན་པ་དང་། བོད་ལྗོངས་ཀྱི་འགྱུར་ལྡོག་གིས་ང་ཚོར་ཧ་ལས་ཡ་མཚན་སྐྱེས་སུ་བཅུག ང་ཚོ་སང་ལོར་ཡང་བསྐྱར་ཉིང་ཁྲིར་ལྟ་སྐོར་དུ་ཡོང་རྒྱུའི་འཆར་གཞི་ཡོད" ཅེས་བཤད།

གཞིས་ཀ་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ཇག་ཤང་གནས་གྲོང་ཚོའི་བསྟན་འཛིན་ཕག་གྲུར་སློབ་ཆེན་གྱི་བདམ་ལེན་བརྡ་ཐོ་འབྱོར་ཡོད་ལ། ཁྱིམ་དོན་དང་རྒྱལ་དོན་གྱི་འཕྲིན་བཟང་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲགས་ཡོང་། "ང་ཚོའི་གྲོང་ཚོའི་གནད་ཕྱིའི་བསྐྱར་སྐྲུན་ཁྱིམ་དུད་ཚང་མ་ཁང་བ་གསར་བའི་ནང་སྤོས་ཡོད་པ་དང་། ཁང་བའི་སྤུས་ག་ཧ་ཅང་ལེགས། ངས་ཀྱང་སློབ་སྦྱོང་བཟང་བོ་བྱས་ནས་མེས་རྒྱལ་གྱི་དྲིན་ལན་གུས་འཇལ་དང་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུ་ཡིན"ཞེས་དགའ་སྤྲོའི་ངང་བཤད།

གཞིས་ཀ་རྩེ་གྲོང་ཁྱེར་གཞད་མཐོང་སྨོན་རྫོང་རིན་ཆེན་རྩེ་ཤང་ལྷུན་གྲུབ་གྲོང་ཚོའི་གྲོང་མིས་གཅིག་བསྡུས་སྒོས་ཐད་གཏོང་ལ་བལྟས་ཤིང་། ཡུལ་དངོས་སུ་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་ཡང་ཡང་བསྒྲགས་ཡོང་། ཏང་ཡོན་རྒན་པ་རིན་འཛིན་རྡོ་རྗེ་ཡིས"ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་མེད་ལ། ང་ཚོའི་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བའང་མེད་པར་མྱོང་ཚོར་ཟབ་མོ་སྐྱེས། ངས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་བཀའ་ཉན་པ་དང་འགྱུར་མེད་དམ་བཅའ་བཞག་ནས་ཏང་གི་རྗེས་སུ་འབྲང་ངེས་ཡིན"ཞེས་བཤད། 

"བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་དུས་ཆེན་གལ་ཆེན་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་བོད་ལྗོངས་སུ་ཕེབས་ནས། ང་ཚོ་དང་མཉམ་དུ་རྟེན་འབྲེལ་ཞུས་པ་དེ་ནི་དངོས་གནས་ཧ་ཅང་ཡག་པོ་ཞིག་ཡིན་པ་དང་།  མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག"ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཧང་ཅ་གྲོང་གསར་གྱི་བློ་བརྟན་གྱིས་གདོང་ལ་མཛུམ་གྱིས་ཁེངས་ནས་བཤད།  "བོད་ལྗོངས་འཕེལ་རྒྱས་ཡར་ཐོན་བྱུང་བ་ང་ཚོས་དངོས་སུ་ཚོར་ཐུབ་པ་སྟེ། ཡོང་འབབ་ཇེ་མང་དུ་འགྲོ་བ་དང་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྱུར་བཞིན་ཡོད། གསར་དུ་བཟོས་པའི་ཁང་པ་ཁོད་ཡངས་ཤིང་གསལ་སྣང་ལྡན་པ་དང་། དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་ཀྱང་མི་ཉུང་བ་ཞིག་ཡོད།  ཨར་འདམ་གྱི་ལམ་ཐད་ཀར་སྒོ་འགྲམ་དུ་འདིང་ཡོད་པ། སློབ་གསོ་དེ་བས་ཀྱང་བཤད་མི་དགོས་པ་ཞིག་རེད། ངའི་ཁྱིམ་གྱི་ཕྲུ་གུ་གསུམ་སློབ་གྲྭར་འགྲོ་རྒྱུར་རིན་སྤྲོད་མི་དགོས། འདི་དག་ང་ཚོའི་མིག་གིས་མཐོང་བ་དང་སེམས་སུ་དྲོད་ཁོལ་སྦྱིན་ཡོད། ཏང་ཀྲུང་དབྱང་གྱི་བཀའ་དྲིན་བརྗེད་མི་རུང་ལ་བརྗེད་ཀྱང་མི་སྲིད། ང་ཚོས་ཏང་གི་བཀའ་ཉན་པ་དང་། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་སྟེ ནུས་ཤུགས་ཡོད་རྒུ་བཏོན་ནས་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་དུ་འཇུག་ངེས་ཡིན།  " 

མངའ་རིས་ས་ཁུལ་སྒར་རྩེ་རྫོང་བོད་སྐྱོད་སྔོན་མངགས་བརྒྱ་ཤོག་དྲན་གསོ་ཁང་གི་འགྲེལ་བཤད་པ་སྐལ་བཟང་བདེ་སྐྱིད་སྔ་མོ་ནས་སྔོན་མངགས་ཤང་གི་ལས་བཟོ་བ་ཁྱིམ་དུ་ཡོང་ནས། ལས་བྱེད་པ་མང་ཚོགས་དང་མཉམ་དུ་རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་བལྟས། "མཁའ་དབྱིངས་ཀྱི་མངའ་རིས"རྒྱན་སྤྲས་རླངས་འཁོར་མཐོང་སྐབས་ཚང་མས་དབང་མེད་དུ་དགའ་འབོད་བྱས།   སྐལ་བཟང་བདེ་སྐྱིད་ཀྱིས"ང་རང་གིས་གསར་བརྗེའི་གཏམ་རྒྱུད་དང་རླབས་ཆེན་གྱི་སྙིང་སྟོབས་ཐེག་པའི་ས་ཆ་འདིར་བྱ་བ་བསྒྲུབས་པའི་དབང་གིས་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་ཤེས། མ་འོངས་པར་ངས་མུ་མཐུད་དུ་སྔོན་མངགས་བརྒྱ་ཤོག་ཀྱི་གཏམ་རྒྱུད་སྔར་བས་གསོན་ཉམས་ལྡན་པ་དང་མི་སེམས་འགུལ་བར་འགྲེལ་བཤད་བྱས་ཏེ། རླབས་ཆེན་གྱི་ལོ་རྒྱུས་དེ་གར་སྔར་ལས་རྒྱུས་ལོན་བྱེད་པ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་སྔར་བས་ལེགས་པོ་བྱས་ནས། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུ་ཡིན"ཞེས་བཤད།  

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་ལས་བྱེད་མང་ཚོགས་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སོགས་རྒྱལ་གཅེས་མཐའ་སྲུང་སྔོན་ཐོན་བྱས་རྗེས་འགྲེམས་ཁང་དུ་ཡོང་ནས། གཅིག་བསྡུས་སྒོས་རྟེན་འབྲེལ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་རེད། ཡུལ་སྨད་གྲོང་ཚོའི་སློབ་ཆེན་སློབ་མ་ཉི་མ་ཚེ་རིང་གིས"ལྷོ་ཁའི་རྒྱན་སྤྲས་རླངས་འཁོར་ཐོག'ཁྱིམ་གཞིས་ནི་ཡུལ་སྨད་དང་།  རྒྱལ་ཁོངས་ནི་ཀྲུང་གོ་ཡིན"ཞེས་པའི་སྦྱར་ཡིག་མཐོང་སྐབས་ང་ལ་གཟི་བརྗིད་དང་སྤོབས་པ་ཆེན་པོ་སྐྱེས་བྱུང་།  དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ཆ་ནས་ངས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཡོད་པའི་ས་ཆར་འགྲོ་རྒྱུར་གྲ་སྒྲིག་བྱས་ཡོད"ཅེས་བཤད།  

ས་བབ་མཐོ་ཚད་སྨི5373ཡོད་པའི་སྣ་དཀར་རྩེ་ཕུ་མ་བྱང་ཐང་ཤང་གི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་བལྟས་ནས། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་ཐུན་མོང་ཐོག་བདེན་དཔང་བྱས།   ཕུ་མ་བྱང་ཐང་ཤང་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དབང་རྒྱལ་གྱིས"ལོ་ངོ60ཡི་རིང་ཕུ་མ་བྱང་ཐང་ཤང་གིས་སྔོན་ཆད་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ་ནས་ད་ལྟའི་ཚན་རྩལ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་བར་དུ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་དེ། འདི་དག་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་གི་མི་རིགས་སྲིད་ཇུས་དང་ཁ་འབྲལ་ཐབས་མེད། ང་ཚོས་ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོར་བཅངས་ནས་ནམ་ཡང་ཏང་གི་བཀའ་ཉན་པ་དང་། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་ངེས་ཡིན"ཞེས་བཤད།  

ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་བའི་སློབ་མ་འཇའ་དབྱངས་བློ་བརྟན་གྱིས་སློབ་ཁང་ནང་དུ་གསར་འགོད་པར་རང་ཉིད་ཀྱི་མྱོང་ཚོར་བཤད།"བརྙན་འཕྲིན་ནང་གི་པར་རིས་མཐོང་སྐབས་ང་རང་ལ་སྤོབས་པ་ཆེན་པོ་སྐྱེས་སོང་།  སྤོ་ལགས་ཀྱིས་བཤད་ན་བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་སྐབས་སུ་འཚོ་བ་ཧ་ཅང་སྡུག ད་ལྟ་ང་ཚོར་སློབ་གྲྭ་འདི་འདྲ་ཡག་པོ་ཡོད་པ་དང་འཚོ་བའང་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད།  ངས་སློབ་སྦྱོང་བཟང་བོ་བྱས་ནས་བོད་ལྗོངས་སྔར་ལས་མཛེས་སྡུག་ལྡན་པར་གཏོང་རྒྱུ་ཡིན "ཞེས་བཤད།  

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་བསྟེན་དུཡོང་བའི་ནད་པར་ཚོགས་ཆེན་གྱི་གཟབ་རྒྱས་སྣང་ཚུལ་མྱོང་ཚོར་བྱེད་དུ་འཇུག་ཆེད། སྨན་བཅོས་སྒུག་སྡོད་ཁུལ་གྱི་འཆར་ཤེལ་ཆེན་པོ་བཀོལ་ནས་རྟེན་འབྲེལ་ཚོགས་ཆེན་ཐད་གཏོང་བྱས་ཡོད། ཐད་གཏོང་མགོ་བརྩམས་པའི་འགྲོས་དང་བསྟུན་ནས་འཛེར་སྒྲ་ཅུང་ཆེ་བའི་སྨན་བཅོས་སྒུག་སྡོད་ཁུལ་གློ་བུར་དུ་ལྷིང་འཇགས་སུ་གྱུར་བ་དང་།  ཚང་མས་གོམ་པ་སྤོ་མཚམས་བཞག་ནས་བློ་རྩེ་གཅིག་སྒྲིམ་གྱིས་བརྙན་ཤེལ་ལ་བལྟས་ནས། བོད་ལྗོངས་ཀྱི་ལོ་ངོ60ཡི་རིང་གི་འགྱུར་ལྡོག་ཆེན་པོ་དང་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟ་བུའི་གསོན་ཤུགས་མྱོང་ཚོར་བྱས།  

བོད་ལྗོངས་ཀྱི་རླུང་ཤུགས་གློག་འདོན་རྣམ་གྲངས་ཞིག་གི་ཡུལ་དངོས་སུ་འཛུགས་སྐྲུན་ནང་ཞུགས་པའི་སྡེ་ཚན་དང་ས་གནས་དེ་གའི་རོང་འབྲོག་པས་མཉམ་དུ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་བལྟས་པ་རེད། རྣམ་གྲངས་ཀྱི་ཡུལ་དངོས་ལས་བཟོ་བ་ཁྲེན་ཚའེ་ཀང་གིས"རྟེན་འབྲེལ་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་བལྟས་རྗེས། ངས་བོད་ལྗོངས་ལ་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་བ་དང་གྲུབ་འབྲས་མངོན་གསལ་ཐོབ་པ་ཚོར་བྱུང་།  ང་ཚོས་རྣམ་གྲངས་འཛུགས་སྐྲུན་ཁྲོད་འཛུགས་སྐྲུན་གྱི་འགག་རྩའི་ལྷུ་ཚིགས་ཡག་པོ་བྱས་ཏེ་སྤུས་ཚད་དང་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་བཅས་ཨང་དང་པོར་བཞག་ནས། རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཕྲན་བུ་འདོན་ངེས་ཡིན"ཞེས་བཤད།  

བོད་ལྗོངས་ཆི་ཀྲེན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ཚན་ཁག་གི་བཟོ་རྩལ་པ་ཆོས་དབྱིངས་རིག་སྒྲོལ་ནི་མངའ་རིས་ཀྱི་མི་ཞིག་ཡིན། མངའ་རིས་རྒྱན་སྤྲས་རླངས་འཁོར་དང་ཁྲོམ་སྐོར་དཔུང་ཁག་མཐོང་དུས་ཁོ་མོར་དགའ་སྤྲོ་ཆེན་པོ་བྱུང་།  "ཁོང་ཚོའི་ལུས་སུ་གཟབ་འཆོར་སྤྲས་པ་དང་གླུ་ལེན་གར་རྩེད། ངོ་གདོང་གི་འཛུམ་མདངས་བཅས་ཀྱིས་ང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་བསྔགས་བྱས་པ་མཚོན་ཡོད །"སྤྱི་ཁྱབ་ཧྲུའུ་ཅི་ཡི་ཐུགས་ཁུར་དང་ཏང་གི་སྲིད་ཇུས་བཟང་པོ་ཡོད་ན།  ང་ཚོའི་འཚོ་བ་སྔར་བས་ཇེ་བཟང་དུ་འགྲོ་ངེས་ཡིན "ཞེས་བཤད།  

"དེ་རིང་འཐབ་གྲོགས་ཚོ་དང་མཉམ་དུ་དུས་སྐབས་གལ་ཆེན་འདིར་བདེན་དཔང་ཐུབ་པས་དམིགས་བསལ་གྱི་དོན་སྙིང་ཡོད། བོད་ལྗོངས་སྤུ་ཧྲེང་རྒྱལ་ཁབ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་བློ་བཟང་རྡོ་རྗེ་ཡིས་མཐའ་མཚམས་ཞིབ་བཤེར་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་སེམས་འགུལ་ཐེབས་པ་དེ་སྒུལ་ཤུགས་སུ་བསྒྱུར་ཏེ། དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་རྒྱལ་སྒོའི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།  

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་མར་ཁེ་སི་ལེ་ཉིང་སློབ་ཁྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས་ཚོགས་ཆེན་གྱི་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་རྣམ་པ་དངོས་སུ་ཚོར་བྱུང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་དུ་ཞུགས་པ་དེ་ནི་བོད་ལྗོངས་ཀྱི་མི་དམངས་ལ་དམིགས་བསལ་གཅེས་སྐྱོང་བྱས་པ་ཡིན་པས། མཐོ་སྒང་གི་མི་རིགས་སོ་སོའི་བུ་དང་བུ་མོ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཤད།

མི་དམངས་དངུལ་ཁང་གཞིས་ཀ་རྩེ་ཡན་ལག་དངུལ་ཁང་གི་ངམ་རིང་རྫོང་རི་བོ་ཆེ་ཤང་རི་ཟུར་གྲོང་ཚོ་དང་། གཞིས་ཁ་གྲོང་ཚོ།  ཕུ་ཤར་གྲོང་ཚོ།  མཚོ་དཀར་གྲོང་ཚོ། གཡང་ཆོས་གྲོང་ཚོ་བཅས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོའི"ཨུ་ལྷན་གཉིས"ཚན་ཁག་དང་ཏང་ཡོན་ལས་བྱེད་པ། མང་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གནས་ཚུལ་ཐད་གཏོང་ལ་གཅིག་བསྡུས་ངང་བལྟས་ནས། ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་འདིར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད། ཐད་གཏོང་ལ་ལྟ་བའི་བརྒྱུད་རིམ་ཁྲོད་ཚང་མར་སེམས་འགུལ་ཆེན་པོ་བྱུང་།  ཕུ་ཤར་གྲོང་ཚོའི་རྒན་པོ་བཀྲ་ཤིས་ཀྱིས"སྔོན་ཆད་ཁྱིམ་དུ་བསྡད་ན་ལྷ་སའི་ཡུལ་ལྗོངས་མཐོང་ཐུབ་པའི་འཚོ་བར་འདང་རྒྱག་མ་ཕོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ད་ལྟ་ངས་སྔོན་ཆད་བསམ་བློ་གཏོང་མ་ཕོད་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།  མ་འོངས་པར་འཚོ་བ་སྔར་བས་ཇེ་བཟང་དུ་འགྲོ་བར་ཡིད་ཆེས་ཡོད"ཅེས་བཤད།  །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།