ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་ལས་དོན་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པར་བོད་ལྗོངས་སུ་ཚུར་སྣང་དྲག་པོ་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་ནས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞིར་རྒྱུན་མཐུད་ངང་དམ་འཛིན་གཏིང་ཟབ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འབད་པས་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་ཤིང་། ཚང་མས་མགྲིན་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་རང་འཁྲིའི་ལས་ཀ་དང་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཁྲོད་འདྲེས་པར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འབད་པས་སྐྲུན་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་བཅོས་སྐྱོང་དང་བོད་ལྗོངས་བརྟན་ལྷིང་། བོད་ལྗོངས་དར་རྒྱས་བཅས་ཡོང་དགོས་ན། ཐོག་མར་བོད་ལྗོངས་ཀྱི་ཆབ་སྲིད་ལྷིང་འཇགས་དང་སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་མཐུན་འགྲིག་བཅས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། “ང་ཚོས་ངེས་པར་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པོར་སྒྲུབ་ནས་མཐའ་གཅིག་ཏུ་མེས་རྒྱལ་གྱི་མཐའ་མཚམས་ལེགས་པོར་སྲུང་བ་དང་། རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་དགོས”ཞེས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་འཐུས་མིའམ་ལྷོ་བྲག་རྫོང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་རྫོང་དཔོན་གཞོན་པ་བསྟན་འཛིན་དབང་འདུས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་བོད་ལྗོངས་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ལས་འགན་གལ་འགངས་ཆེ་བ་དང་འགན་འཁྲིར་གཟི་བརྗིད་ལྡན་པ་ཚོར་ཡོད། རྗེས་མར་ང་ཚོས“ལོ་རྒྱུས་ལྔའི”དྲིལ་སྒྲོག་སློབ་གསོ་མུ་མཐུད་གཏིང་ཟབ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པར་སྐུལ་འདེད། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་ལ་ཤུགས་སྣོན། ཏང་འཛུགས་སྐྱོང་དང་ཁྲིད་སྟོན་རྒྱུན་འཁྱོངས། གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས། མཛེས་སྡུག་ལྡན་པའི་བདེ་སྐྱིད་བོད་ལྗོངས་བསྐྲུན་པ་དང་རླབས་ཆེའི་བསྐྱར་དར་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་གོང་བུར་འགྲིལ་དགོས། 

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཆུ་ནག་སྲང་ལམ་དོན་གཅོད་ཁང་ནི་ཉེ་བའི་ལོ་གཉིས་ཙམ་རིང་གྲོང་ཁྱེར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནས་བབ་གསར་བ་དང་ལས་འགན་གསར་བའི་དགོས་མཁོར་འཕྲོད་མཐུན་ཡོང་ཆེད་བཙུགས་པའི་གཞི་རིམ་ཏང་རྩ་འཛུགས་ཞིག་ཡིན་ལ། སྲང་ལམ་དོན་གཅོད་ཁང་བཙུགས་པ་ནས་བཟུང་ནག་ཆུའི་གྲོང་ཁྱེར་དོ་དམ་གསར་སྤེལ་དང་ཏང་འཛུགས་སྐྱོང་ཁྲིད་སྟོན་ལ་ཤུགས་སྣོན། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁྲོད་རྣམ་པ་གསར་བ་མུ་མཐུད་བཏོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་འཛིང་རགས་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་བཏོན་ཡོད། འདིས་ཆུ་ནག་སྲང་ལམ་ཏང་ཨུའི་ལས་དོན་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་མཚོ་མོར་དཔའ་ངར་སྐྱེ་རུ་འཇུག་པ་དང་མི་སེམས་ལ་སྐུལ་མ་ཐེབས་སུ་བཅུག ཁོ་མོས་ཏང་འཛུགས་སྐྱོང་ལེགས་པོར་སྒྲུབ་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་འཛིང་རགས་ནུས་པ་འདོན་སྤེལ་ཐུབ་ན། ད་གཟོད་རྒྱ་ཆེའི་ལས་བྱེད་པའི་གོང་བུར་འགྲིལ་ཤུགས་ཇེ་མཐོར་ཕྱིན་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་ཉན་པ་དང་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་འགྲོ་བས། གནད་དོན་དང་དཀའ་གནད་ཡོད་ཚད་ལས་སླ་པོར་ཐག་གཅོད་ཐུབ”ཅེས་བཤད།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཐཱན་ཇེ་དམའ་དང་འབག་བཙོག་ཇེ་ཉུང་། ལྗང་མདོག་རྒྱ་བསྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། “འཛམ་གླིང་ཡང་རྩེ”དང“ཨེ་ཤ་ཡའི་ཆུ་ལྕོག”ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། འདིས་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྨར་ཁམས་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིས་ཁི་ཁྲིན་གྱི་སེམས་ལ་སྐུལ་མ་ཐེབས། “ལོ་འདི་དག་རིང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པས། སྨར་ཁམས་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་བཟང་དུ་ཕྱིན་ཡོད། 2024ལོར་རྫོང་ཡོངས་སུ་ནགས་ཚལ་ཁེབས་ཚད54.46%ལ་སླེབས་ཡོད། ”ཁོང་གིས་བསྟན་དོན། སྨར་ཁམས་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་ནས་མུ་མཐུད་དུ“རི་བོ་གཉིས”འདུ་ཤེས་ལག་ལེན་བསྟར་བ་དང་། གཙོ་གནད་ས་ཁོངས་ཀྱི་ནགས་སྐྲུན་ལྗང་སྒྱུར་ལས་གཞི་དང་ནགས་ཚལ་གསོ་སྐྱོང་རྣམ་གྲངས་འཛུགས་སྐྲུན་སོགས་ལ་སྐུལ་འདེད་བཏང་སྟེ། གནམ་སྔོན་པོ་དང་ཆུ་དྭངས་མོ། དག་པའི་ས་བཅས་ལ་སྲུང་སྐྱོབ་ལེགས་པོར་བྱེད་དགོས། 

དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གནོད་ཁུལ་མང་ཚོགས་ལ་སེམས་ཁྲལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་ནང་དིང་རི་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་ལས་དོན་མུ་མཐུད་ལེགས་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན། འདིར་ས་དགའ་རྫོང་སྟེང་དགའ་ཤང་སྟེང་དགའ་གྲོང་ཚོའི་དགུང་ལོ63ལོན་པའི་གྲོང་མི་དབང་འདུས་སེམས་སུ་དྲོད་ཁོལ་སྦྱིན་ཡོད། ཟླ8པའི་ཚེས20ཉིན་གྱི་སྔོན་དུ་ས་ཡོམ་གྱི་གནོད་སྐྱོན་ཐེབས་པའི་ཁྱིམ་ཚང3723གྱི་མང་ཚོགས20468སྡོད་ཁང་གསར་བའི་ནང་སྤོས། དབང་འདུས་ཀྱིས“སྔོན་ཆད་ཁང་བ་འདི་འདྲ་ལེགས་པོའི་ནང་འདུག་རྒྱུར་འདང་རྒྱག་མ་ཕོད། འདི་ཚང་མ་སྤྱི་ཁྱང་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཡིན། ངས་སླད་ཕྱིན་གྱི་འཚོ་བའི་ཁྲོད་ཏང་གི་བཀའ་ལ་ཉན་པ་དང་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་ངེས་ཡིན་ལ། འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་ངེས་ཡིན”ཞེས་བཤད། 

ཞི་ཅིན་ཕིང་གིས་བསྟན་དོན། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་རང་སྟེང་གི་ཁྱད་ཆོས་ལྡན་པས། དོན་དངོས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འདིར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེར་མྱོང་ཚོར་ཟབ་མོ་ཡོད་དེ། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ནང་བོད་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་དེང་རབས་ཅན། དམངས་འཚོའི་བདེ་རྩ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད་པ་དང་། བོད་ལྗོངས་ཀྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་དང་གཙོ་གནད་གསལ་བོར་བྱས་ཡོད་པས། ང་ཚོས་ལྷག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་རེ་བ་དང་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས་ཐོན་ལས་གྲུབ་ཚུལ་ཇེ་ལེགས་རིམ་སྤོར་ཐད། ཁྱད་ལྡན་ཞིང་ཕྱུགས་ལས་གཞི་ཁྱོན་དང་ཐོན་རྫས་སྣ་མང་ཅན། ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་སོགས་ལ་དམིགས་ནས་ཤུགས་འདོན་དགོས། དེ་དང་ཆབས་ཅིག ང་ཚོའི་ཞབས་ཞུའི་ལས་རིགས་དམའ་རིམ་དང་ཁ་ཐོར། མི་ལག་མང་འདུས་ཀྱི་ངལ་རྩོལ་ནས་མཐོ་རིམ་དང་འདུ་བ། ཤེས་བྱ་དང་དོ་དམ་ཚགས་དམ་པོར་སྒྱུར་དགོས། འདི་དག་ནི་ང་ཚོའི་སྤྱི་ཚོགས་ཚན་རིག་ལས་དོན་མཁན་གྱིས་དོ་ཁུར་དང་གཙོ་གནད་ཞིབ་འཇུག་གི་འགངས་ཆེའི་གནད་དོན་ཡིན་ཞེས་བཤད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་པ་གྲོང་གསར་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚུའེ་ཁྲིན་ལ་སྐུལ་ལྕག་ཐེབས་པ་དང་ཆོད་སེམས་ལྡབ་འཕར་བྱུང་ཡོད། ཁོང་གིས་བསྟན་དོན། ལྷོ་པ་གྲོང་གསར་འདི་ཉིད་དུས་རབས་གསར་བར་འཕེལ་རྒྱས་བྱུང་བའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཞིག་ཡིན་པའི་ཆ་ནས། རྗེས་མའི་ལས་དོན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་འཛིང་རགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དོན་དངོས་གྲུབ་འབྲས་ཏན་ཏིག་སྤེལ་ནས་མཐའ་ཁུལ་སྡོད་དམངས་ཕྱུག་པོ་དང་མཐའ་མཚམས་བརྟན་ལྷིང་། མཐའ་ཁོངས་བརྟན་པོ་བཅས་མངོན་འགྱུར་བྱུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་མཐའ་ཁུལ་གྱི་འཐབ་ས་དང་པོར་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།