ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས19ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་ལོ་ངོ60རིང་གི་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། ནག་ཆུ་གྲོང་ཁྱེར་གྱིས་ལྟེ་བའི་ལས་འགན་ལ་དམིགས་པ་དང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “དམིགས་བྱ་ལྔའི་ས་ཁུལ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་ནག་ཆུ་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར246.34ལ་སླེབས་ནས1990ལོ་ལས་ལྡབ82.51འཕར་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར138.44ལ་སླེབས་ནས1990ལོ་ལས་ལྡབ460.47འཕར་བ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར40.47ལ་སླེབས་ནས1990ལོ་ལས་ལྡབ50.01འཕར་བ། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55499ལ་སླེབས་ནས1990ལོ་ལས་ལྡབ30.62འཕར་བ། རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20099ལ་སླེབས་ནས1990ལོ་ལས་ལྡབ47.81འཕར་སྣོན་བྱུང་ཡོད།
སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡིན་པ། ནག་ཆུ་གྲོང་ཁྱེར་གྱིས་ནག་འཇོམས་ངན་སེལ་འཐབ་རྩོད་སོགས་བྱེད་སྒོ་སྤེལ་ནས་ཡིག་སྐུར་ངོ་བཅར་གྱི“གྱོད་གཞི་རྙིང་བ”གཙང་སེལ་བྱུང་བ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྣང་ཚོར་ཚད་བསྟུད་མར99.5%ཡན་དུ་རྒྱུན་འཁྱོངས་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས16བཏོད་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པ་དང་དཔེ་བཟང་མི་སྒེར27ལ་མཚན་སྙན་ཐོབ་པ། མི་རིགས་མཐུན་སྒྲིལ་སློབ་གསོ་རྟེན་གཞི26བསྐྲུན།
སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། གནས་ཡུལ་ལེགས་ཆར་རྐང་ཚུགས་ནས་ནག་ཆུ་གྲོང་ཁྱེར་གྱིས་སྨྲི་ཊི་ཁ་རྒྱལ་སྤྱིསི་བརླན་ས་གལ་ཆེན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང(གདང་ལ་རི་བོའི་བྱང་རྒྱུད་ས་ཁོངས)སོགས་སྐྱེ་ཁམས་བྱེད་ནུས་ཁུལ་བཏོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ18ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི22.34ལ་སླེབས་ནས་ལྗོངས་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི51.7%བཟུང་ཡོད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་མུའུ་ཁྲི711.12ལེགས་པར་འགྲུབ་པ། བསྡོམས་པས་ཤིང་སྡོང་རྐང་ཁྲི60.04འདེབས་འཛུགས་བྱས་པ། རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད50.36%དུ་འཕར་བ། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལོ་བཅུའི་སྔོན་དང་བསྡུར་ན5%ཡན་གྱི་ཇེ་མང་དུ་ཕྱིན་པ། ཁོར་ཡུག་མཁའ་དབུགས་ལེགས་པའི་ཉིན་གྲངས་བསྡུར་ཚད99.5%ཡན་དུ་སླེབས་པ། གཙང་བོ་དང་ཆུ་བོ། མཚེའུ་གཙོ་བོའི་ཆུ་སྤུས་རིགསШལ་སླེབས་པའམ་ཡང་ན་དེའི་ཡན་གྱི་ཚད་གཞིར་ལོན་པ། སྐོར་བདུན་པའི་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་བསྐྲུན།
དམངས་འཚོའི་བདེ་རྩ་ནུ་ས་ལྡན་སྒོས་ཇེ་ལེགས་སུ་ཕྱིན་པ། ནག་ཆུ་གྲོང་ཁྱེར་གྱིས་རིམ་པ་སོ་སོའི་སློབ་གྲྭ462དང་གྲོང་ཁྱེར་མི་དམངས་སྨན་ཁང་གི“ལྟེ་གནས་ཆེན་པོ་ལྔ”སྐྲུན་ནས་སྤྱོད་མགོ་ཚུགས་པ། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡོངས་སུ་ཁྱབ་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ཚད98%ལས་བརྒལ་བ། དེང་སང་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱིས་བྱིས་པ་སྐྱེད་སྲིང་བྱེད་མཁན་ཡོད་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། ན་རྒས་ལ་འཚོ་རྟེན་ཡོད་པ། ཉམ་ཆུང་ལ་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད།
རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། གཞུང་ལམ་དང་ལྕགས་ལམ་འཕྲེད་གཞུང་དུ་སྣུར་སྲིང་བྱས་ཡོད་པ་དང་། སྣུམ་རླངས་དང་འོད་སྐུད་ཀྱི་གློག་ཤུགས་ས་ཁོངས་བརྒལ་ནས་སྐྲུན་ཡོད་པ། ཞིང་སྡེའི་འཐུང་ཆུའི་ལས་གཞི12887སྐྲུན་པ་དང་། རྫོང་གི་གློག་དྲ་གཙོ་བོ་དང4Gབརྡ་རྟགས། དྲ་ཡངས་བཅས་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་དུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ། གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི3.57ལ་སླེབས།
ཐོན་ལས་རིམ་སྤོར་དང་གྲོང་གསེབ་དར་སྤེལ་ཐད་ཤུགས་མཉམ་འདོན་བྱས་པ། ནུས་ཁུངས་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི127.68ལ་སླེབས་པ་དང་། བསྡོམས་པས་དྲ་ཐོག་ཏུ་གློག་ཤུགས་ཆན་ཝ་དུང་ཕྱུར24.48བཏོན་པ། ཕྱིར་གློག་ཤུགས་ཆན་ཝ་དུང་ཕྱུར2.57སྐྱེལ་བ། གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས1140དང་རྒྱུན་འཛིན་པ458ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་མ་དངུལ་སྒོར་དུང་ཕྱུར81.29བཏང་ནས་གྲོང་གསེབ་དར་སྤེལ་རྣམ་གྲངས1260ལག་བསྟར་བྱས་པ་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཚོང་རྟགས་གསར་གཏོད་བྱ་འགུལ་གསར་དུ་བཏོད་དེ། རོང་འབྲོག་པའི་གཙོ་གཞིའི་འདུ་ཤེས་དང་ནང་སྐྱེད་སྒུལ་ཤུགས་ལ་སྐུལ་སྤེལ་བྱས་ཡོད། །