ཀྲུང་གོ་བོད་ཀྱི་དྲ་བ།

གངས་ལྗོངས་མཐོ་སྒང་དུ་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་སྒྲིལ་གླེང་།

ཞོགས་པར་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྐོར་བྲོའི་སྐྱིད་སྣང་དོད་པའི་དབྱངས་འགྲོས་དང་ཐང་ཆེན་ཞབས་བྲོའི་འགུལ་ཚོར་དབྱངས་རྟ་གཉིས་མཉམ་དུ་འདྲེས་ཡོད་པ་དང་། བོད་དང་རྒྱ། ཧུའེ་རིགས་སོགས་མི་རིགས་སོ་སོའི་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་སྐོར་བྲོ་འཁྲབ་བཞིན་ཡོད་ལ། ཉི་འོད་འོག་ཁོང་ཚོའི་མཛུམ་མདངས་ལྷག་ཏུ་མཛེས། གཞིས་ཀ་རྩེའི་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་ཞོགས་པའི་ཀློག་འདོན་སློབ་ཁྲིད་ཐོག་མི་རིགས་མི་འདྲ་བའི་སློབ་མས་མགྲིན་གཅིག་ཏུ་སྐད་གསང་མཐོན་པོས་ཞལ་འདོན་བྱེད་བཞིན་ཡོད་ལ། དཔེ་ཆ་ཀློག་འདོན་གྱི་ལྷང་ལྷང་སྐད་སྒྲའི་ཁྲོད་ཐུན་མོང་སློབ་སྦྱོང་གི་སྤྲོ་སེམས་མངོན་ཡོད། མི་རིགས་སོ་སོ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་། མཉམ་དུ་བྱ་བ་སྒྲུབ་པ། མཉམ་དུ་རོལ་རྩེད་བཅས་མཉམ་འདྲེས་ཀྱི་སྣང་ཚུལ་ནི་སྔ་མོ་ནས་གངས་ལྗོངས་ས་གཞི་ཆེན་མོའི་ཐོག་མི་སེམས་འགུལ་བའི་ནམ་རྒྱུན་ཞིག་ཡིན་ལ། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་ལྡན་པའི་དངོས་བྲིས་ཀྱང་ཡིན། 

ལོ་ངོ60ཡི་རིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སྒོས་འབད་པ་མཐའ་སྐྱེལ་དང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་མཉམ་དུ་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་བརླིང་གི་རྔམ་བརྗིད་མཛེས་སྡུག་ལྡན་པའི་ལེའུ་བྲིས་ཡོད། ད་ལྟའི་བོད་ལྗོངས་སུ་མི་རིགས་སོ་སོའི་མང་ཚོགས་ཀྱི་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་རོགས་རེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་ཟུག་པ། མཉམ་དུ་མཐུན་སྒྲིལ་འབད་འབུངས་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་དུས་རབས་གསར་བའི་རི་མོ་ཞིག་གངས་ལྗོངས་མཐོ་སྒང་དུ་འབྲི་བཞིན་ཡོད། 

མིག་སྔའི་བར། བོད་ལྗོངས་སུ་བསྡོམས་པས་ཐུན་མོང་ཚོགས་པ154དང་མི་སྒེར204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་ཡོད་པ་དང་། གྲོང་ཁྱེར7(ས་ཁུལ)ཚང་མས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་བཏོད་ཡོད་པ། རྫོང30(ཆུས་དང་གྲོང་ཁྱེར)རུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་བཏོད་པ། ལས་ཁུངས54ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་ཀྱི་མིང་བཏགས་ཡོད། 

བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐོ་སྒང་དུ་རྩ་བ་ཟུག་པ།

དུས་ཡུན་རིང་བོར་བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ལྗོངས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་སོགས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཀྱང་ཡིན”ཞེས་པའི་བླང་བྱ་གལ་ཆེན་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། དུས་རབས་གསར་བའི་བོད་ལྗོངས་ཀྱི་ལས་དོན་ཁག་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་སུ་སྐྱོད་པར་འགན་ལེན་ཏན་ཏིག་བྱས་ཡོད།

མི་རིགས་སོ་སོའི་མཉམ་བདག་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་མུ་མཐུད་རྒྱ་སྐྱེད་བཏང་བ། རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། བོད་ལྗོངས་སློབ་ཆེན་འདི་ཉིད་ལྗོངས་ནང་ཁུལ་གྱི་རྒྱལ་ཁབ“པུའུ་ཨུ་བཞིའི”ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞི་ཐོག་མ་རུ་གྱུར་བ། 《ཀྲུང་ཧྭ་མི་རིགས་འགྲོ་འོང་བརྗེ་རེས། མཉམ་འདྲེས་ཀྱི་ལོ་རྒྱུས·བོད་ལྗོངས་ཀྱི་ལེའུ》རྩོམ་སྒྲིག་བྱས་ཏེ་ལོ་རྒྱུས་ཀྱི་དཔྱད་ཡིག་ཁྲི300ལྷག་སྔོག་འདོན་ལེགས་སྒྲིག་བྱས་ནས་རིག་དངོས་གསོན་དུ་བཅུག་པ། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་རྩ་བའི་དཀར་ཆག་གནད་བསྡུས(མོན་པའི་རིགས་དང་། ལྷོ་པའི་རིགས་ཀྱི་ལེའུ)》པར་སྐྲུན་བྱས་པ་ཡིས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོང་གི་སྟོང་ཆ་བསྐངས་ཡོད།

རིག་གནས་མོས་མཐུན་ནི་ཆེས་གཏིང་རིམ་གྱི་མོས་མཐུན་ཡིན། བོད་ལྗོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། 《བོད་ལྗོངས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས》དང《བཅིངས་འགྲོལ་དམག་མི》སོགས་རིག་རྩལ་བརྩམས་ཆོས་སྤུས་ལེགས་བཏོན་ཡོད་ལ། སྒྱུ་རྩལ་གྱི་ལམ་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལེགས་པོར་བརྗོད་ཡོད། རྫོང74ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་རིག་གནས་ཐང་ཆེན(ཁྱམས་རིང)བསྐྲུན་ཡོད་པ། གསར་བརྗེའི་གནའ་ཤུལ138ལ་སྒོ་བྱང་བཀལ་ནས་རྒྱལ་གཅེས་རིང་ལུགས་སློབ་གསོའི་གཡུལ་ས་གཙོ་བོར་གྱུར་ཡོད།

དེང་སྐབས། རྒྱལ་ཁབ་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དུ་བཏང་ནས་འོས་འགན་སློབ་གསོའི་མཚམས་སུ་སྐད་གཉིས་སློབ་གསོ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། གྲོང་ཚོའི་རྐང་འཛིན་པས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་གཏོང་ཚད92.5%ལ་སླེབས་ཡོད། 

འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱས་ནས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་སུ་རྣམ་པར་བཞད་པ།

འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ཡིན། བོད་ལྗོངས་ཀྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་འགྲིལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྐང་འཛུགས་ས་དང་དོན་བབས་སར་བརྩིས་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་སུ་བསྡོམས་པས་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར61.15བཏང་སྟེ། མཐར་དར་དམངས་ཕྱུག་དང་ཁྱད་ལྡན་ཐོན་ལས། རྩལ་ནུས་གསོ་སྦྱོང་སོགས་རྣམ་གྲངས1543ལག་བསྟར་བྱས། 2020ལོའི་ཚུན་དུ་བོད་ལྗོངས་ཀྱིས་ད་དུང་སྒོར་དུང་ཕྱུར5.12བཏང་ནས་ཡོང་འབབ་དམའ་བའི་མང་ཚོགས་ལ་བདེ་ཐང་ཇ་ལོ་བསྐྱལ་ཏེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་མང་ཚོགས་ལ་ཕན་ཐོགས་སུ་བཅུག 

རྨང་གཞིའི་སྒྲིག་བཀོད་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ནས་མི་རིགས་མཐུན་སྒྲིལ་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད། མཚོ་བོད་ལྕགས་ལམ་དང་ལྷ་ཉིང་ལྕགས་ལམ་གཉིས་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་བསྟུན་ནས། 2024ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་དང་མེ་འཁོར་འཁོར་སྐྱོད་ཚོང་གཉེར་གྱི་ལམ་ཐག་སོ་སོར་སྤྱི་ལེ་ཁྲི12.49དང་སྤྱི་ལེ1359ལ་སླེབས་པ། ཐག་རིང་ལུང་ཁུག་ཏུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་སྟེ། སྔོན་ཆད་ཀྱི“མི་གསུམ་ཤང”དེ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་ཡོད་པ་དང་། ཁྱིམ་ཚང་ཚང་མས4Gདྲ་རྒྱ་བཀོལ་ཐུབ་པ། བྱིས་པ་ཚོས་དྲ་ཐོག་སློབ་གསོ་བརྒྱུད་ནས་སྤུས་ལེགས་སློབ་ཁྲིད་ཀྱི་ཐོན་ཁུངས་ལོངས་སྤྱོད་ཐུབ་ཡོད།

ཐོན་ལས་དར་རྒྱས་བྱུང་ན་ད་གཟོད་མང་ཚོགས་ཕྱུག་འགྱུར་བྱུང་། བོད་ལྗོངས་ཀྱིས་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་མུ་མཐུད་རྒྱ་སྐྱེད་དུ་བཏང་ནས་རིག་གནས་ཡུལ་སྐོར་དང་མཐོ་སྒང་ཞིང་ཕྱུགས་ལས། ནུས་ཁུངས་གཙང་མ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། 2024ལོར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི6389སྣེ་ལེན་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོས་རང་ལུས་ལེགས་ཆར་བརྟེན་ནས“ཁམ་བུའི་མེ་ཏོག་དཔལ་འབྱོར”དང་གྲོང་གསེབ་ཡུལ་སྐོར། ལྟ་སྐོར་སིལ་ཏོག་འཐོག་པ་ཉམས་ལེན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ་དང་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། 

མཐུན་སྒྲིལ་གྱི་རི་མོ་མཉམ་དུ་བྲིས་ནས་སེ་འབྲུའི་རྡོག་སྔར་བས་དམ་པོ་དང་སྲ་བརྟན་དུ་ཡོང་བར་བྱས།

བོད་ལྗོངས་ཀྱིས“འཆར་གཞི་གསུམ”ལག་བསྟར་གཏིང་ཟབ་བྱས་ཤིང་། སློབ་གསོ་དང་ལས་ཞུགས། རིག་གནས་ཡུལ་སྐོར། སྡེ་ཁུལ་སོགས་ཁྱབ་ཁོངས་མང་པོར་གསར་གཏོད་ལག་ལེན་བྱས་ནས་མི་རིགས་སོ་སོ་རྒྱ་ཁྱབ་ཏུ་འགྲོ་འོང་དང་ཕྱོགས་ཡོངས་ནས་བརྗེ་རེས། མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། 2024ལོར་ལྗོངས་ཡོངས་སུ“མཐོ་སྒང་གི་སེ་འབྲུ་དམར་པོ”ཞེས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ལྗོངས་ཕྱིར་སློབ་སྦྱོང་བརྗེ་རེས་སུ་སྐྱོད་པའི་བྱ་འགུལ་སྒྲིག་འཛུགས་བྱས་ཤིང་། བསྡོམས་པས་མི་ཐེངས་ཁྲི3.49གསོ་སྦྱོང་ནང་ཞུགས་པ། རོང་འབྲོག་པའི་སྤོ་སྒྱུར་ལས་ཞུགས་མི་གྲངས2012ལོའི་མི་ཐེངས་ཁྲི45ནས2024ལོའི་མི་ཐེངས་ཁྲི64.8ལ་འཕར་ཡོད་པ། ལྗོངས་ཕྱིའི་ན་གཞོན་སྔར་ལས་མང་པོ་བོད་ལྗོངས་སུ་ཡོང་ནས་ལས་གཏོད་བྱས་པ་དང་། བོད་ལྗོངས་ཀྱི་སློབ་ཆེན་པའང་ལྗོངས་ཕྱིར་སོང་ནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སུ་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

བོད་སྐྱོར་ལས་དོན་གྱིས་སེམས་སྦྲེལ་ཟམ་པ་བསྐྲུན་ཡོད། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་སྤུས་ལེགས་ཐོན་ཁུངས་ཐད་ཀར་བོད་ལྗོངས་སུ་བསྐྱལ་ཡོད། པེ་ཅིན་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པ་ཝང་ལེ་ཡིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བྱ་བ་སྒྲུབ་པའི་ལོ་གཅིག་རིང་ས་གནས་དེ་གའི་སྨན་བཅོས་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཡོད། 

ཁྲིམས་སྐྱོང་གིས་མི་རིགས་མཐུན་སྒྲིལ་ལ་གཞོགས་འདེགས་བྱས་ཡོད། བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ངོས་ནས་ཐོག་མར་དཔེ་བཟང་ཁུལ་བཏོད་པའི་སྲོལ་ཡིག་བཏོན་པ་དང་། མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ལམ་སྲོལ་ནང་བཅུག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོན་འདོན་བྱས་པ། གཞི་རིམ་བཅོས་སྐྱོང་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས“དྲ་མིག་ཅན་དོ་དམ”དང“གཉིས་སྦྲེལ་དུད་ཚང”ལམ་ལུགས་ལ་བརྟེན་ནས་ཁྱིམ་མཚེས་དབར་གྱི་ཕན་ཚུན་རོགས་རེས་རྒྱུན་རྣམ་ཅན་དུ་གྱུར་ཡོད་པ་དང་། མི་རིགས་ས་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་བའི་ནུས་པ་ཆེ་རུ་བཏང་བ། ལྗོངས་ཡོངས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐུབ་ཚད་མུ་མཐུད་ཇེ་མཐོར་ཕྱིན་ཡོད། 

བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་ལེགས་ཆ་གང་ལེགས་མཚོན་ཡོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་སྐྱེ་འཕེལ་ནུས་ཤུགས་ཆེན་པོ་གང་ལེགས་མངོན་པ། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་ལངས་ནས་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བཟུང་ནས་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་ལེགས་པོར་སྒྲུབ་པ། གངས་ལྗོངས་མཐོ་སྒང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་པ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་དུ་སྔར་ལས་མཚར་སྡུག་ལྡན་པའི་སྒོ་ནས་རྒྱས་པར་བྱ་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།