བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་ལོ་ཡིན། ལོ་ངོ་དྲུག་ཅུའི་རིང་རླུང་བསེད་ཆར་འཁྲུད་བྱས་པས་རྣམ་པ་ཡོངས་རྫོགས་གསར་པར་གྱུར་ཡོད།
ལོ་ངོ60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་བདག་པོའི་ཉམས་འགྱུར་གྱིས་རྒྱལ་ཁབ་དང་ས་གནས་དོ་དམ་ལས་དོན་ནང་ཞུགས་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་རང་སྐྱོང་དབང་ཆ་གང་ལེགས་སྤྱད་པས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་མཐོ་སྒང་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ཤེས་རྟོགས་གཏིང་ཟབ་ཏུ་བཏང་བ་དང་། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་བོད་སྐྱོང་དང་བོད་ལྗོངས་བརྟན་བརླིང་། བོད་ལྗོངས་དར་རྒྱས་ཀྱི་རྒྱལ་ཁའི་ཉམས་མྱོང་སྤྱི་བསྡོམས་བྱས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་ཁྲིད་སྟོན་འོག བོད་ལྗོངས་འདི་ཉིད་འཕེལ་རྒྱས་ལེགས་ཤོས་དང་འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་པ་ཆེས་མང་བའི་ལོ་རྒྱུས་དུས་སྐབས་སུ་སླེབས། དུས་རབས་གསར་བའི་བོད་ལྗོངས་སུ་ཆབ་སྲིད་ལྷིང་འཇགས་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་མཐུན་འགྲིག ཁོར་ཡུག་ལེགས་པོ། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྣང་ཚུལ་ཞིག་མངོན་ཡོད།
མིའི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱུང་བ།
དགུང་ལོ73ལོན་པའི་ཉི་མ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་གླིང་གྲོང་ཚོའི་གྲོང་མི་ཞིག་ཡིན་ལ། 1959ལོའི་སྔོན་དུ་ཁོ་དང་ཁོའི་ཨ་མ་གཉིས་གང་སར་ཡུལ་འཁྱམ་བྱས་ནས་འཚོ་བ་རོལ་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ད་གཟོད་ཁོང་གི་ལས་སྐལ་སྐྱོ་པོ་མཇུག་སྒྲིལ་སོང་། དེང་སང་ཁོང་གི་ཁྱིམ་དུ་འདྲུད་འཐེན་འཁོར་ལོ་དང་རླངས་འཁོར་སོགས་ཡོད། “འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་རྙིང་བ་དང་བསྡུར་ན་དངོས་ནས་རྨི་ལམ་རྨི་བ་དང་གཅིག་མཚུངས་ཡིན”ཞེས་རྒན་པོ་ཉི་མ་ཡིས་བཤད།
1959ལོའི་དམངས་གཙོ་བཅོས་སྒྱུར་གྱི་རླབས་ཕྲེང་ཁྲོད་ཉི་མ་ལྟ་བུའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ནས་བཅིངས་འགྲོལ་ཐོབ་པ་རེད། 1965ལོའི་ཟླ9པའི་ཚེས1ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་མགོ་བརྩམས་ཤིང་། ཚོགས་ཆེན་གྱི་འཐུས་མི301ཡོད་པ་དང་དེའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི242ཡོད་ལ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཡིས་འཐུས་མིའི་བསྡོམས་གྲངས་ཀྱི80%ཡན་ཟིན་ཡོད་པ་དང་། ཁོང་ཚོའི་ཁྲོད་མང་ཆེ་ཤོས་ཡར་ལངས་ཞིང་བྲན་ཡིན།
དེ་ནས་བཟུང་སྟེ་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་སྤྱི་ཚོགས་བྱེད་པོའི་གོ་གནས་གཏན་འཁེལ་ཐུབ་པ་དང་། ཁོང་ཚོས་ཆབ་སྲིད་ཐད་ཡོངས་སུ་ཁྱབ་ཅིང་དངོས་གནས་ཀྱི་ཁེ་དབང་ལོངས་སྤྱོད་བྱས་ཡོད།
མིག་སྔར། བོད་ལྗོངས་ཀྱི་རིམ་པ་བཞིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁྲི4.2ལྷག་གི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མི་ཡིས89.2%བཟུང་ཡོད་པ་དང་། གངས་ལྗོངས་མཐོ་སྒང་གི་མི་རིགས་སོ་སོའི་བུ་ཕྲུག་གིས་ཁྲིམས་ལྟར་དམངས་གཙོའི་ཁེ་དབང་སྤྱོད་བཞིན་ཡོད།
དགུང་ལོ76ལོན་པའི་བློ་བཟང་མགོན་པོ་སྐྱེས་མ་ཐག་ནས་ཞིང་བྲན་ཡིན་པ་དང་ལོ་ན་ཆུང་དུས་ཕ་མའི་མཉམ་དུ་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་བའི་འཚོ་བ་རོལ་བ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོ་རང་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཞིག་ཏུ་གྱུར་ནས་རིག་གནས་ཤེས་བྱའི་སློབ་གསོ་མྱངས། སློབ་མཐར་ཕྱིན་རྗེས། བློ་བཟང་མགོན་པོ་ཡིས་སྔ་རྗེས་སུ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཁྲེང་ཀོན་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱི་ཅུས་ཀྲང་། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་སོགས་ཀྱི་ལས་འགན་འཁུར་བ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེང་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཧྲི་ཀའོ་ཡིས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བ་དེ་བོད་ལྗོངས་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད་ཆེས་མངོན་གསལ་གྱི་ཁྱད་ཆོས་ཞིག་ཏུ་གྱུར་ཡོད་པ་དང་། མི་རིགས་སོ་སོའི་མང་ཚོགས“བྲན་དུ་བཀོལ་བའི་ཡོ་བྱད”ནས“རང་ལུས་བདེ་སྡུག་དབང་དུ་སྒྱུར་བའི་བདག་པོར”གྱུར་བའི་འགྱུར་ལྡོག་ཐད་གསལ་བོར་མངོན་ཡོད་ཅེས་བསྟན།
2024ལོ་ནས་བཟུང་། བོད་ལྗོངས་སུ་བསྡོམས་པས་རིམ་པ་སོ་སོའི་རིགས་ཁག་གི་སློབ་གྲྭ3618ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མའི་བསྡོམས་གྲངས་ཁྲི97ལ་སླེབས་ནས་བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི1/4ལས་བརྒལ་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་མི་ཁྲི10རེའི་ནང་སློབ་ཆེན་གྱི་རིག་གནས་ཆུ་ཚད་ཡོད་པའི་མི་གྲངས2010ལོའི་མི5507ནས2020ལོའི་མི11019བར་འཕར་སྣོན་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཆེན་པོའི་འོག བོད་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མིའི་ཕྱོགས་ཡོངས་འཕེལ་རྒྱས་གོ་གནས་གལ་ཆེན་དུ་བཞག་ནས་སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་ཁྱབ་ཁོངས་མང་པོར་རྒྱུན་མཐུད་ནུས་ཤུགས་བཏོན་ནས། མི་རིགས་སོ་སོའི་མང་ཚོགས་ལ་མཐོ་སྒང་གི་ས་གཤིན་འདིའི་ཁྲོད་འཕེལ་རྒྱས་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་བཅུག
མི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་གྱི་གྲུབ་འབྲས་ལོངས་སུ་སྤྱད་པ།
ལྷ་སའི་བར་སྐོར་སྲང་ལམ་དུ་མི་ཚོགས་མང་ཞིང་སྟུག་པ་དང་ཚོང་ཁང་མང་པོ་ཡོད། གནའ་བོའི་བཟོ་སྐྲུན་གྱི་སྒོ་ར་ཆེན་མོའི་ནང་གི་འགྲོ་ཕན་གླིང་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་ཁང་གིས་ཡུལ་སྐོར་བ་མང་པོས་ཡིད་དབང་འཕྲོག་ཡོད་པ་དང་། ཚོང་ཁང་ནང་གི་ཁུག་མ་དང་བཤམ་རྫས། ས་གདན་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལག་ཤེས་འཁེལ་འཐག་ཐོན་རྫས་དག་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་ཡོད། ཚོང་ཁང་གི་སྦྱིན་བདག་སྒྲོལ་མ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐོན་རྫས་དག་ཉིང་ཁྲི་དང་གཞིས་ཀ་རྩེ་སོགས་ཀྱི་ས་གནས་བུད་མེད་ཀྱིས་ལག་ཤེས་འཁེལ་འཐག་བྱས་པ་ཡིན་ལ། ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་ཁང་གིས་ད་ལྟའི་བར་བསྡོམས་པས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས300ལྷག་གསར་སྤེལ་བྱས་ཏེ། ཡུལ་མི་སྔར་ལས་མི་ཉུང་བ་རོང་འབྲོག་པ་ནས་ལག་ཤེས་བཟོ་རྩལ་བར་ཚུལ་སྒྱུར་ཁྲིད་སྟོན་བྱས་ཡོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་མི་རིགས་སོ་སོའི་བུ་ཕྲུག་བདག་པོའི་ཉམས་འགྱུར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ནང་ཞུགས། ལྷག་པར་དུ་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་བབ་བསྟུན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱི་ཧུར་སེམས་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཀོད་གཏོང་བྱས་པ་དང་། བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
1954ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་སྐྲུན་ཚར་ནས་རླངས་འཁོར་ཤར་གཏོང་བྱས་པས། མིའི་རིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་ཅན་གསར་གཏོད་བྱས་ཡོད། དེང་སྐབས་བོད་ལྗོངས་སུ་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་སོགས་འདུས་པའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་རགས་ཙམ་བསྐྲུན་ཡོད། བོད་ལྗོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ལམ་ཐག་སྤྱི་ལེ་ཁྲི12.49ལ་སླེབས་པ་དང་། ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་བགྲོད་ཐུབ་ཚད100%སླེབས་པ། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ183ཤར་གཏོང་བྱས་པ། ཁྲོན་བོད་ལྕགས་ལམ་ལྷ་ཉིང་མཚམས་སྐྲུན་ཚར་ནས་མེ་འཁོར་ཤར་གཏོང་བྱས།
ལོ་ངོ60ཡི་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་མཐོར་འདེགས་སུ་ཕྱིན་ཡོད། ལོ་ངོ60ཡི་འཕེལ་རྒྱས་ལོ་རྒྱུས་ཁྲོད་བོད་ལྗོངས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཐེངས་དང་པོའི་སྒོར་དུང་ཕྱུར་སྟོང་ཡན་དུ་སླེབས་པར་ལོ50འགོར་བ་དང་། ཐེངས་གཉིས་པའི་སྒོར་དུང་ཕྱུར་སྟོང་ཡན་དུ་སླེབས་པར་ལོ6ཙམ་ལས་མ་འགོར། མིག་སྔར་ཐེངས་གསུམ་པའི་སྒོར་དུང་ཕྱུར་སྟོང་ཡན་གྱི་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་པས་མདུན་སྐྱོད་བྱེད་བཞིན་ཡོད།
དེང་སྐབས། བོད་ལྗོངས་ཀྱི་ནུས་ཁུངས་གཙང་མ་དང་རིག་གནས་ཡུལ་སྐོར། ལྗང་མདོག་བཟོ་ལས་སོགས་ཐོན་ལས་ཆེན་པོ་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། དེང་རབས་ཐོན་ལས་མ་ལག་རགས་ཙམ་བསྐྲུན་ནས་དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚད་བསྟུད་མར་ལོ་མང་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད། 2024ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2765ལ་སླེབས་ཤིང་། འགྱུར་མེད་རིན་གོང་ལྟར་བརྩིས་ན1965ལོའི་ལྡབ155ཡིན་པ་དང་། ལོ་རེར་ཆ་སྙོམས8.9%འཕར་ཡོད། བོད་ལྗོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55444ལ་སླེབས་པ་དང་དེ1965ལོའི་ལྡབ121ཡིན་པ་དང་། རོང་འབྲོག་པའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21578ལ་སླེབས་ཡོད་པ་དེ1965ལོའི་ལྡབ199ཡིན།
དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ཡིས་དམངས་འཚོ་ལེགས་བཅོས་དང་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྒུག་སྐོང་ཆེད་སྲ་བརྟན་གྱི་དངོས་པོའི་འགན་སྲུང་མཁོ་འདོན་བྱས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས80བཙུགས་ཡོད་པ་དང་། གཅིག་སྡུད་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ5825ཡོད་པ། གཞི་རྩའི་ཆ་ནས་རིམ་པ་ལྔའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དྲ་རྒྱ་བསྐྲུན་ཡོད་དེ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བསྡོམས་འབོར7231དང་ཉལ་ཁྲི21551ལ་སླེབས་ཡོད་པ། ཤང་དང་གྲོང་རྡལ་ཡོངས་རྫོགས་དང70%སྲིད་འཛིན་གྲོང་ཚོར5Gདྲ་རྒྱ་བདེ་བགྲོད་བྱུང་བ། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ41.32ལ་སླེབས་ཡོད།
དེང་སྐབས་ཀྱི་བོད་ལྗོངས་སུ་མི་དམངས་ལྟེ་བར་འཛིན་པའི་དུས་རབས་ཀྱི་དཔེ་རིས་ཞིག་བྲིས་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་ཇེ་མཐོ་དང་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་མུ་མཐུད་འཐུས་ཚང་། བང་རིམ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་བཅས་གཞི་རྩའི་ཆ་ནས་བསྐྲུན་ཡོད།
སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ།
ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ནགས་སྲུང་བ་བཀྲ་ཤིས་ཆོས་འཕེལ་སྔ་མོ་ནས་རྟོག་སྡོམ་ཁང་དུ་ཡོང་ནས་འཆར་ཤེལ་བཅུ་ཕྲག་ཁ་ཤས་བརྒྱུད་དེ་ཁོང་གིས་ལོ་ངོ13རིང་སྲུང་སྐྱོབ་བྱས་པའི་ནགས་རིར་ལྟ་བཞིན་ཡོད། “འདི་གར་སྒྲོན་ཤིང་དང་། གསོམ་དཀར། ཤུག་པ་སོགས་སྡོང་བོའི་རིགས120ལྷག་སྐྱེ་འཚར་བྱུང་ཡོད་པ་དང་། དང་ཐོག་འདེབས་འཛུགས་བྱས་པའི་སྡོང་བོ་དག་གིས་རང་བྱུང་རྒྱུད་འཕེལ་བྱས་ནས་བསྐལ་པ་གཉིས་པ་སྐྱེ་འཚར་བྱུང་ཡོད”ཅེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།
2021ལོར་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་དེ་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྡོང་འཛུགས་ནགས་སྐྲུན་ལས་གཞིར་བརྩིས་ནས་སྤེལ་མགོ་ཚུགས་པ་དང་། ལོ10ཡི་རིང་ནགས་སྐྲུན་མུའུ་ཁྲི206.72ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཟོས་ཡོད། ལས་གཞི་ལེགས་འགྲུབ་བྱུང་རྗེས་ལོ་རེར་ཆུ་གསོག་ཏུན་ཁྲི4980ཙམ་གསར་དུ་སྣོན་ཐུབ་པ་དང་། ལོ་རེར་ཐཱན་འདུས་ཚད་ཏུན་ཁྲི22.91བརྟན་དུ་གཏོང་བ། ལོ་རེའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར14.85བཅས་ཡོད།
དེང་སྐབས། དབྱར་གཞུང་དུས་ཚིགས་སུ་ལྷ་སའི་ལྷོ་བྱང་རིའི་རྩྭ་རྩི་ཤིང་གི་སྐྱེས་བཟང་བ་དང་གནའ་གྲོང་ལྷ་ས་སྔོ་ཐིང་ཐིང་དུ་གྱུར་ཡོད།
བོད་ལྗོངས་གནས་པའི་མཚོ་བོད་མཐོ་སྒང་དུ“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤ་ཡའི་ཆུ་ལྕོག”ཅེས་པའི་མཚན་སྙན་ཡོད་ལ། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའ་ཚུན་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་སྣེ་ཁྲིད་འོག བོད་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་ཧུར་ཐག་གིས་བཏོད་ཡོད།
ས་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་རབ་དང་རིམ་པ་སྒྲིག་བཟོ་ལག་བསྟར་བྱས། མིག་སྔར། བོད་ལྗོངས་ཀྱིས་སྤྱི་ལེ་གྲུ་བཞི་མ་ཁྲི60ལས་བརྒལ་བའི་རྒྱལ་ཁང་མངའ་ཁོངས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་བཅུག་ཡོད་པ་དང་། དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་རྒྱ་ཁྱོན་གྱི50%ཡན་བཟུང་ཡོད། རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ47བཙུགས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.22ཟིན་ཡོད།2024ལོར་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད99.7%ལ་སླེབས་པ། ཆུ་བོ་དང་གཙང་པོ། མཚེའུ་གཙོ་བོའི་ཆུ་སྤུས་རིགསⅢཔའི་ཆུ་གཟུགས་ཀྱི་བསྡུར་ཚད100%ལ་སླེབས་པའམ་ཡང་ན་དེ་ལས་ལེགས་པ། འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད100%ཚད་གཞིར་ལོངས་ཡོད།
སྐྱེ་ཁམས་བཟང་པོ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བཀྲ་ཤིས་སྒང་གྲོང་ཚོ་རི་བོར་བརྟེན་ནས་བསྐྲུན་ཡོད་པ་དང་བོད་ལུགས་ཀྱི་ཡུལ་མིའི་སྡོད་ཁང་སྟར་ཕྲེང་འགྲིག་པར་ཆགས་ཡོད། མིག་སྔར་བཀྲ་ཤིས་སྒང་གྲོང་ཚོའི་དུད་ཚང67ནང་དུད་ཚང50ལྷག་གིས་ཁྱིམ་ཚང་མགྲོན་ཁང་གཉེར་བཞིན་ཡོད་ལ། ཡུལ་མི་ཚོས་ཡུལ་ཐོན་ཁྱད་རྫས་འཚོང་བ་དང་ཟ་མ་དང་ཞག་སྡོད་བྱེད་ས། རྟ་ཞོན་པ། མདའ་འཕེན་པ་སོགས་མཁོ་འདོན་བྱས་ནས“ཡུལ་སྐོར་ཡོང་འབབ”རེག་ཐུབ་ཡོད།
2024ལོར། བོད་ལྗོངས་ཀྱིས་སྐྱེ་ཁམས་ལས་གནས་ཁྲི43.98བཙུགས་ཡོད་པ་དང་ལོ་རེར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར15ལས་བརྒལ་བ་འགྲེམ་གཏོང་བྱས་ཏེ། རོང་འབྲོག་པ་སྔར་ལས་མང་པོ་སྡོང་འཛུགས་ནགས་སྐྲུན་མཁན་དང་ནགས་སྲུང་མཁན་དུ་གྱུར་ནས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དེ་ས་གནས་དེ་གའི་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་སྲུང་ཐུབ་པའི“བདེ་སྐྱིད་ཀྱི་འགྱུར་མེད་རྒྱུ་ནོར”ཞིག་ཏུ་གྱུར་ཡོད།
“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ན་ང་ཚོར་ཡང་རི་སྔོ་ཆུ་དྭངས་ཁྲོད་ཕན་འབྲས་ཐོབ་ངེས་ཡིན”ཞེས་བཀྲ་ཤིས་སྒང་གི་ཡུལ་མི་པད་མ་དབང་ཆེན་གྱིས་བཤད།
རིག་གནས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་བསྩལ།
བོད་ལྗོངས་རྟེན་མཛོད་ཁང་དུ་སོང་ཚེ་ཉར་ཚགས་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་དངོས་རྫས་རྩ་ཆེན་གྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་རེད། བོད་ལྗོངས་ཀྱི་དེང་རབས་ཅན་གྱི་བྱེད་ནུས་ལྡན་པའི་རྟེན་མཛོད་ཁང་དང་པོ་ཡིན་པའི་ཆ་ནས་འདིར་གནའ་རྫས་རྟོག་ཞིབ་ཀྱི་ས་འོག་ནས་ཐོན་པའི་རིག་དངོས་དང་། ཐམ་ཀ ཆོ་ལོ་གནང་བའི་བཀའ་ཡིག ཐང་ག གནའ་དཔེ། སྐུ་འདྲ། དཀར་ཆས། གཡང་ཊིའི་ཡོ་བྱད། དར་སྐུད་སོགས་རིག་དངོས་ཁྲི50ལྷག་ཉར་ཚགས་བྱས་ཡོད།
ལོ་ངོ60ཡི་རིང་རྒྱལ་ཁབ་ཀྱིས་མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་བཅས་འབོར་ཆེན་བཏང་ནས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ཐད་སྤྱད་ཡོད། 2012ལོ་ནས2024ལོའི་བར་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར4.73བཏང་སྟེ། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོབ་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་མཁན་གྱི་ཐོ་འགོད་ལས་དོན། ཁྲིད་སྦྱོང་བྱེད་སྒོ་སྤེལ་བ། སྲུང་སྐྱོང་དང་བེད་སྤྱོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་སྤྱད་ཡོད།
མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་ཆབས་ཅིག བོད་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རིག་གནས་ལས་དོན་བྱ་གཞག་དར་རྒྱས་སུ་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་རེ་སྒུག་གསར་པ་སྔར་བས་ལྷག་པའི་སྒོ་ནས་བསྐངས་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། 2012ལོའི་ཚུན་དུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར48.9བཏང་ནས་བོད་ལྗོངས་ཀྱི་སྤྱི་པའི་རིག་གནས་འཛུགས་སྐྱོང་བྱས་ཏེ་རིམ་པ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་རྒྱ་གཞི་རྩའི་ཆ་ནས་ཆགས་ཡོད། བོད་ལྗོངས་ཀྱི་རིམ་པ་སོ་སོའི་སྤྱི་པའི་རིག་གནས་སྒྲིག་གཞིས་ལོ་རེར་རིག་གནས་ཀྱི་དམངས་ཕན་བྱེད་སྒོ་ཐེངས་ཁྲི10ལྷག་སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི1500ཙམ་ལ་ཕན་ཐོགས་ཡོད།
“རིག་གནས་ལ་བརྟེན་ནས་དམངས་ལ་ཕན་ཐོགས་པ”དང་། “རིག་གནས་ལ་བརྟེན་ནས་ལས་རིགས་དར་རྒྱས་སུ་གཏོང”རྒྱུར་སྐུལ་འདེད་གཏོང་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚུན་དུ་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར201.6དོན་འཁྱོལ་བྱས་ནས་རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་སྒྲིག་བཀོད། གནའ་བོའི་གྲོང་རྡལ་སྲུང་སྐྱོང་མཐོར་འདེགས་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་དེ། རིག་གནས་ཐོན་ལས་གྱིས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྔར་ལས་ལེགས་པོ་འདོན་པར་སྐུལ་འདེད་བཏང་ཡོད།
མིག་སྔའི་བར་བོད་ལྗོངས་སུ་རིགས་སོ་སོའི་རིག་གནས་ཡུལ་སྐོར་ཁེ་ལས་ཁྲི2ཙམ་ཡོད་པ་དང་ལས་སྒྲུབ་མཁན་ཁྲི10ལས་བརྒལ་ཡོད། 2024ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར111.44ཟིན་པ་དང་དུས་མཉམ་ལས23.8%འཕར་ཡོད།
མགོ་འཛུགས་ས་གསར་པར་ལངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ཀྱི་སྟོབས་ལྡན་མགོ་ཁྲིད་འོག བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བྱེད་པ། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་པ། ཕུགས་འདུན་དོན་གཉེར་བྱེད་བཞིན་མ་འོངས་བསྙེགས་པ་བཅས་བྱས་ན། སྔར་ལས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་ངེས་རེད། །