ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ན་བསྐལ་བ་མ་སྟོང་བར་དུ་འཛམ་གླིང་ཀུན་ཏུ་ཕན་པ་ཐོབ་ངེས་ཡིན།
པར་འདི་ནི་ལྷོ་རིའི་སྤྱི་གླིང་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱས་པའི་རྣམ་པ་རེད།
བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་། ལྗང་མདོག་འཕེལ་རྒྱས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
བོད་ལྗོངས་སུ་རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ47བཙུགས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི41.22ལ་སླེབས་ཡོད། སྐམ་སྐྱེས་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཞིབ་བཤེར་ཐེངས་གཉིས་པར་གཞིགས་ན། བོད་ལྗོངས་སུ་ད་ཡོད་སྐམ་སྐྱེས་རི་སྐྱེས་སྒལ་ཚིགས་སྲོག་ཆགས1072ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས246ཡོད།
ཟིན་ཐོར་བཀོད་པའི་ཕྲ་ཕུང་ཆུན་ནར་རྩྭ་ཤིང7504ཡོད་ཅིང་། དེའི་ནང་བོད་ལྗོངས་སུ་དམིགས་བསལ་ཡོད་པའི་རྩྭ་ཤིང1075དང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང169ཡོད།
འདི་ནི་ཟླ6པའིཚེས4ཉིན་ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་ཉེ་འཁོར་གྱི་བརླན་སར་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་རེད།
རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་གཞི་གྲངས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་ནགས་ས་དང་རྩྭ་ས། བརླན་ས། ཆུ་ཁོངས་སོགས་སྐྱེ་ཁམས་ནུས་པ་ཅུང་དྲག་པའི་ས་ཁོངས་སྤྱི་ལེ་གྲུ་བཞི་མ་ཁྲི108.11དབར་ཇེ་མང་དུ་ཕྱིན་ཡོད།
ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་ཡིས་ཆུ་དྭངས་མ་དང་གནམ་སྔོན་པོར་སྲུང་སྐྱོང་བྱས་པ།
2021ལོར་བོད་ལྗོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྡོང་འཛུགས་ནགས་སྐྲུན་ལས་གཞི་སྟེ། ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་དངོས་སུ་སྤེལ་མགོ་ཚུགས།
2024ལོར། ལས་གཞི་དེར་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི17.72གསར་འཕར་བྱུང་བ་དང་ནགས་སྐྲུན་ཁུལ38གྱི་སྡོང་ཕྲུག་གསོན་ཚད92%ཡན་དུ་སླེབས་ཡོད། སྔོན་དཔག་བྱས་པ་ལྟར་ན2030ལོར་སླེབས་དུས་ལས་གཞི་དེ་གའི་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི206.7ལེགས་འགྲུབ་བྱ་རྒྱུ་རེད། རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་ལོའི་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི4980ཙམ་གསར་འཕར་བྱུང་བ་དང་། ལོ་རེའི་ཆ་སྙོམས་ཐཱན་འདུས་ཚད་ཏུན་ཁྲི22.91ཟིན་པ། ལོའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར14.85སླེབས་པ་རེད།
ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་འདི་ཉིད་བོད་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ལྡེབས་ནགས་སྐྲུན་གྱི་གཙོ་གནད་སྐྱེ་ཁམས་ཉམས་གསོའི་ལས་གཞི་ཡིན་པའི་ཆ་ནས། 2022ལོ་ནས་བཟུང་ནགས་སྐྲུན་མུའུ་ཁྲི70ཙམ་ལེགས་འགྲུབ་བྱུང་བ་དང་ནགས་སྐྲུན་ཁུལ་ཧྲིལ་བོ་གསོན་པའི་ཚད85%ཡས་མས་སུ་སླེབས་ཡོད།
པར་འདི་ནི་བཀྲ་ཤིས་ཆོས་འཕེལ་གྱིས་ལྷོ་རིའི་སྤྱི་གླིང་དུ་མེ་གསོད་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་ཞིབ་བཤེར་ཉམས་གསོ་བྱེད་པའི་རྣམ་པ་རེད།
ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་ལས་དོན་མི་སྣ་བཀྲ་ཤིས་ཆོས་འཕེལ་གྱིས་ལོ13རིང་ལྷོ་རིའི་ནགས་རི་བརྟན་སྲུང་བྱས་ཏེ། འདི་གའི་རི་རྒོད་ས་རྒོད་དེ་ལྗོན་པའི་གྲིབ་བསིལ་དུ་གྱུར་བའི་བྱས་རྗེས་ངོ་མཚར་ཅན་གྱི་དཔང་བོ་བྱས་ཡོད།
ལོ་ངོ་བཅུ་ལྷག་རིང་མུ་མཐུད་སྡོང་འཛུགས་ནགས་སྐྲུན་བྱས་པ་བརྒྱུད། ད་ལྟའི་ལྷོ་རིའི་སྤྱི་གླིང་དུ་སྡོང་ཕྲུག་རྐང་ཁྲི80ལྷག་འདེབས་འཛུགས་བྱས་ཡོད་པ་དང་ནགས་སྐྲུན་རྒྱ་ཁྱོན་མུའུ4350སླེབས་ཡོད་ལ། སྔོན་ཆད་ཀྱི་རི་རྒོད་ལྗང་མདོག་རྣམ་པར་བཀྲ་བའི་ཞིང་ཁམས་སུ་གྱུར་ཡོད། ལྗང་མདོག་གི་ཁོར་ཡུག་འདིའི་རྒྱབ་ཕྱོགས་ནི་བཀྲ་ཤིས་ཆོས་འཕེལ་ལྟ་བུའི་ནགས་རི་བརྟན་སྲུང་མཁན་གྱི་དཀའ་སྤྱད་སྡུག་རུས་རེད།
པར་འདི་ནི་ལྷོ་རིའི་སྤྱི་གླིང་ལ་ཐུར་ལྟ་བྱས་པའི་རྣམ་པ་རེད།
ལྷ་སའི་སྤྱི་གླིང་མགྱོགས་མྱུར་བསྐྲུན་ནས་གྲོང་མིའི་ལྗང་མདོག་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁུལ་གྱི་སྲང་ལམ་དང་ཐང་ཆེན། སྤྱི་གླིང་བཅས་ཀྱི་ལྗང་སྒྱུར་ཡུལ་ལྗོངས་མུ་མཐུད་ཇེ་ལེགས་སུ་ཕྱིན་ནས་གྲོང་མིར་སྔར་བས་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད།
རྐང་འཁོར་ཞོན་པ་དང་འཆམ་འཆམ། འཆག་པ་སོགས་འགྱུར་ལྡོག་འདི་དག་གིས་གྲོང་མིའི་འཚོ་བར་མཛེས་སྡུག་གསར་བ་བསྣན་ཡོད་པ་དང་མི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་སུ་བཅུག་ཡོད། སྤྱི་གླིང་སྔར་ལས་མང་པོ་གཅིག་རྗེས་གཉིས་མཐུད་སྒོས་བསྐྲུན་པ་དང་བསྟུན་ནས་གྲོང་མིས་སྔར་ལས་མང་པོའི་ལྗང་མདོག་ཕན་བདེ་ལོངས་སྤྱོད་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་ཡང་ལྗང་མདོག་བར་སྟོང་འདི་དག་ལ་བརྟེན་ནས་སྔར་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡིད་དབང་འཕྲོག་ཤུགས་མངོན་ཡོད།
“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་སྐྲུན་ལྗང་སྒྱུར་ལས་གཞི་དང་བརླན་ས་ཞན་འགྱུར་སྲུང་སྐྱོང་ཉམས་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྩྭ་ཐང་སྐྱེ་ཁམས་ཉམས་གསོ་ཕྱོགས་བསྡུས་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས། ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་གཙོ་གནད་སྐྱེ་ཁམས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། གངས་ལྗོངས་མཐོ་སྒང་དུ་ཆུ་དྭངས་པ་དང་རྩྭ་ལྗང་། གནམ་སྔོན་པོའི་སྐྱེ་ཁམས་རི་མོ་ཞིག་བྲིས་ཡོད།
ཉེ་བའི་ལོ་འགའི་རིང་། “གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་ལྡན་པའི་བོད་ལྗོངས་ཉིང་ཁྲིར་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་མཉམ་འགུལ་ཁྲོད“མེ་ཏོག་ལ་གཟིགས་པ+ཁྱིམ་ཚང་མགྲོན་ཁང”“མེ་ཏོག་ལ་གཟིགས་པ+རིག་གནས་གསར་གཏོད་ཐོན་རྫས”སོགས་འདྲེས་སྦྱོར་བདག་གཉེར་བྱེད་སྟངས་བརྒྱུད་ནས་སྐྱེ་ཁམས་བཞིན་ཐང་དེ་དཔལ་འབྱོར་རིན་ཐང་དུ་སྒྱུར་བའི་ཁྱད་ལྡན་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ཡོད།
ལྷ་སའི་སྐྱིད་ཆུའི་རོང་ཁུལ་གྱི་སྔོ་ཐིང་ཐིང་གི་ནགས་ཚལ་སྟུག་པོ་ནས་བྱང་ཐང་རྩྭ་ཐང་གི་ཁྲུང་ཁྲུང་ལྡེམ་ལྡེམ་འཁྱུག་འཁྱུག་གིས་ཞབས་བྲོ་འཁྲབ་པ་དང་། ཡར་ཀླུང་གཙང་པོའི་ཆུ་དྭངས་མོ་རྒྱུག་པ་ནས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་སྟེ། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་དང་པོར་འཇོག་པའི”ཁག་ཁུར་དང“ལྗང་མདོག་འཕེལ་རྒྱས”ཀྱི་བློ་རིག་གིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད།
འདི་ནི་ཟླ3པའི་ཚེས8ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་རིའི་ཆུ་མཛོད་དུ་པར་བླངས་པའི་ཁྲུང་ཁྲུང་སྐེ་ནག་རེད།