ཀྲུང་གོ་བོད་ཀྱི་དྲ་བ།

2025ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ལྷ་སར་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། “གངས་ལྗོངས་གནའ་མཁར·གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའམ2025ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ལྷ་ས་གྲོང་ཁྱེར་དུ་བསྡུས་པ་རེད། ཚོགས་ཆན་སྟེང《ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་བཏོད་པའི་འཐབ་ཇུས་འཆར་འགོད(2025-2030ལོ)》དང《ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་བཏོད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི(2025-2027)》(གཤམ་དུ《འཐབ་ཇུས་འཆར་འགོད》དང《ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》ཞེས་བསྡུ་རྒྱུ)ཁྱང་བསྒྲགས་བྱས།

 

པར་འདི་ན་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།

《འཐབ་ཇུས་འཆར་འགོད》ནང2030ལོར་བསླེབ་དུས་ལྷ་ས་གྲོང་ཁྱེར་འདི་ཉིད་མཐོ་སྒང་སྐྱེ་ཁམས་དང་མི་རིགས་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་ལྟེ་བའི་གྲོང་ཁྱེར་དུ་གཏོད་རྒྱུ་གསལ་བོར་བཏོན་ཡོད། 

ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་པད་མ་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས“གངས་ལྗོངས་གནའ་མཁར·གནས་མཆོག་ལྷ་ས”ཞེས་པའི་གྲོང་ཁྱེར་མིང་བྱང་ལ་དམིགས་པ་དང་དོན་དངོས་ལ་རྐང་ཚུགས་ཏེ། 《འཐབ་ཇུས་འཆར་འགོད》སྒྲིག་བཟོ་བྱས་ཡོད་ལ། 《འཐབ་ཇུས་འཆར་འགོད》གཙོ་བོ་དེང་སྐབས་ཀྱི་གནས་བབ་དང་། འཕེལ་རྒྱས་དམིགས་འབེན། འཕེལ་རྒྱས་འཐབ་ཇུས། འཕེལ་རྒྱས་གནས་ཐིག་གཏན་ཁེལ། གཙོ་གནད་བྱེད་ཐབས། འགན་སྲུང་མ་ལག་སོགས་ཆ་ཤས6གྲུབ་ཡོད། དེ་དང་ཆབས་ཅིག 《འཐབ་ཇུས་འཆར་འགོད》དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། མ་ལག་ཆ་ཚང་སྒྲིག་པའི《ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》བཟོས་ཡོད་ལ། དེའི་དམིགས་ཡུལ་ནི་ལོ་སྔོན་མ་གསུམ་འགག་སྒྲོལ་དུས་སྐབས་སུ་བརྩིས་ཏེ། ཡུལ་སྐོར་མཁོ་སྤྲོད་མཐོར་འདེགས་ལ་སྐུལ་འདེད་དང་། རྒྱལ་ནང་ཡུལ་སྐོར་གྱི་སྣེ་ལེན་ཞབས་ཞུའི་ནུས་པ་ཇེ་མཐོ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་གཏོང་། རིག་གནས་ཡུལ་སྐོར་རྒྱལ་སྤྱིའི་སྤེལ་རེས་ཁྱབ་གདལ། ཡུལ་སྐོར་ཁྲོམ་རའི་བདག་གཉེར་མཁན་གྱི་ཚད་གཞི་བཅས་འགུལ་སྐྱོད་ཆེན་པོ་ལྔ་དང་བྱེ་བྲག་གི་བྱ་བ29ལག་བསྟར་བྱས་པ་བརྒྱུད། ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་གཏོད་པའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སྤོས་ཡོད།

པད་མ་གཡུ་སྒྲོན་གྱིས་བསྟན་དོན། རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་གཏོད་པ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱི་ཟབ་ཞུགས་དང་རྒྱབ་སྐྱོར་དགོས་གལ་ཆེ། སྤུན་ཟླའི་ཞིང་ཆེན་གྲོང་ཁྱེར་དང་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་ཁག་གིས་སྔོན་ཆད་ནང་བཞིན་ལྷ་སར་སེམས་ཁུར་དང་ལྷ་སར་རྒྱབ་སྐྱོར། ལྷ་ས་འོས་སྦྱོར་བྱ་རྒྱུ། རྒྱ་ཆེའི་ཁེ་ལས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་ལྷ་སར་ཡོང་བ་དང་། ལྷ་སར་འདྲེས་པ། ལྷ་སའི་བློ་བདེ་བག་ཕེབས་ཀྱི་འཚོ་བ་ལོངས་སྤྱོད་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་ལྷ་སར་ཕེབས་ནས་ཡུལ་སྐོར་སྤྲོ་གསེང་དང་། དངུལ་གཏོང་། ཐོན་ལས་དར་རྒྱས། མཉམ་དུ་འཕེལ་རྒྱས་དོན་གཉེར། བྱ་གཞག་ཆེན་པོར་མཉམ་ཞུགས་བཅས་བྱས་ཏེ། མཐོ་སྒང་སྐྱེ་ཁམས་དང་མི་རིགས་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་དུ་མཉམ་དུ་བསྐྲུན་དགོས།

 

ར་འདི་ནི་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་ལ་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཁོངས་མིའི་དཔང་ཡིག་སྤྲོད་པའི་རྣམ་པ་རེད།

ཚོགས་འདུའི་ཡུལ་དངོས་སུ་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་ལ་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཁོངས་མིའི་དཔང་ཡིག་སྤྲད་པ་རེད། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཀྲུའུ་ཞི་ཀྲང་ཞུས་ཀྱིས་བསྟན་དོན། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་འདི་ཉིད་ཀྲུང་གོས་གྲོས་འདོན་བྱས་པའི་ཕྱོགས་བསྡུས་རང་བཞིན་དང་སྲིད་གཞུང་མིན་པ། ཁེ་གཉེར་མིན་པའི་ཡུལ་སྐོར་རྩ་འཛུགས་ཤིག་ཡིན་པའི་ཆ་ནས་རང་ལུས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་དང་། ཚོགས་མི་དང་ལས་རིགས་ཀྱི་ལག་གདང་སྦྲེལ་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་ཁྱད་ཆོས་ལ་དོ་སྣང་། ཡུལ་སྐོར་ལས་རིགས་སླར་གསོའི་འགུལ་ནུས་གསོན་པར་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་རོགས་རམ་བྱས་ཡོད། མིག་སྔར། ཚོགས་མི259ཡི་རྒྱལ་ཁབ་དང་ས་ཁུལ45བརྒལ་ནས་ཤེས་རིག་སྤེལ་རེས་ལ་སྐུལ་འདེད་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཀྱི་གོ་ལ་ཧྲིལ་བོའི་དྲ་རྒྱ་ཞིག་བསྐྲུན་ཡོད། མནའ་འབྲེལ་གྱིས་ལྷ་ས་གྲོང་ཁྱེར་དང་མཉམ་འབྲེལ་བྱས་ཏེ“རང་གི་རྒྱན་གྱིས་རང་ཉིད་བརྒྱན།། རྒྱན་ཐོག་རྒྱུན་བརྩེགས་ཐམས་ཅད་མཛེས”ཞེས་པའི་ཁོག་རྒྱ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཐུན་མོང་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”དང་། མི་རིགས་མཐུན་སྒྲིལ་གྱི“སེམས་མཐུན་སྦྲེལ་ཟམ”དུ་གྱུར་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང་། འཁྲབ་སྟོན་པ་གྲགས་ཅན་ལིའུ་ཅིན་གྱིས་བརྙན་འཕྲིན་བརྩམས་ཆོས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དང་། ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧོ་ལིས་པིན་གྱིས་ཡོངས་ཁོངས་ཡུལ་སྐོར། མའེ་ཐོན་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྤྱི་གཉེར་བ་ལུའུ་མིན་ཞིས་ཀྱིས་ཚན་རྩལ་གྱིས་རིག་གནས་ཡུལ་སྐོར་ལ་ནུས་པ་འདོན་པ་བཅས་ལ་དམིགས་ནས་གཙ་དོན་གསུང་བཤད་གནང་།

པར་འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རྣམ་པ་རེད།

རྒྱུས་ལོན་པ་ལྟར་ན། 2025ལོའི“གངས་ལྗོངས་གནའ་མཁར·གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། “ཚན་རིག་དང་མཐུན་པ་དང་། གོ་ཆོད་པ། ཆ་ཚང་བའི”རྩ་དོན་དང་། “སྔར་བས་ལྟད་མོ་མང་བ། སྔར་བས་ཁྱད་ཆོས་ལྡན་པ། སྔར་བས་ཤུགས་རྐྱེན་ཆེ་བའི”དམིགས་འབེན་ལ་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཧྲིལ་བོར་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ངོམ་པ་དང་། ལྷ་སའི་རིག་གནས་ཡུལ་སྐོར་ཟོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་བས་མཐོར་འདེགས་སུ་གཏོང་རྒྱུ་རེད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།