ཀྲུང་གོ་བོད་ཀྱི་དྲ་བ།

“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོར”བོད་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2025ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བོད་ལྗོངས་ཚོགས་ར་གཙོ་བོའི་བྱ་འགུལ་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁར་སྤེལ་བ་རེད།

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རྣམ་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་ཡུལ་སྐོར་སྤུས་ལེགས་ལམ་ཐིག་འོས་སྦྱོར་དང་། དམངས་ཕན་སྲིད་ཇུས་ཁྱབ་བསྒྲགས་དང་དེ་བཞིན་བརྗོད་དོན་པར་ལེན་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་བཤམས་སྟོན། རིག་གནས་ཡུལ་སྐོར་གསར་གཏོད་ཚོང་འདུས། ཞིམ་ཟས་རོལ་མྱོང་སོགས་ཁྱད་ལྡན་ཉམས་ལེན་བྱ་འགུལ་སྤེལ་བ་བརྒྱུད། ཡུལ་སྐོར་བར་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་རྒྱུས་མངའ་ལོན་དུ་བཅུག 

བྱ་འགུལ་སྤེལ་བའི་རིང་བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས“བཟའ་བཅའ། སྡོད་ཁང་། ཕྱིར་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། སློབ་སྦྱོང”བཅས་ཕྱོགས་བདུན་ལ་དམིགས་ཏེ། རིག་གནས་ཡུལ་སྐོར་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། མཛེས་ལྗོངས་ཁུལ་གྱི་རིན་གོང་མར་གཅོག་པ་དང་རིན་པ་མི་ལེན་པ་དང་། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་གཅོག་འཕྲི་འཚོང་སྐུལ་བྱེད་པ། ཡུལ་སྐོར་ལས་དོན་ཁང་དང་ཁ་ཐོར་འགྲུལ་བར་འགྲིམ་འགྲུལ་ཁ་གསབ་སྤྲོད་པ། དྲ་ཐོག་ཏུ་མགྲོན་ཁང་གོང་བདེར་གཏོང་བ་སོགས་དམངས་ཕན་བྱ་འགུལ་དང་སྲིད་ཇུས80ལས་བརྒལ་བ་བཏོན་ནས། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཧྲིལ་བོའི་ཡུལ་སྐོར་བ་སྤྲོ་སེམས་ཆེན་པོས་གདན་དྲངས་བ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་གྲོགས་པོ་གདན་དྲངས་ནས་བོད་ལྗོངས་སུ་ལོ་ངོ་སྟོང་ཕྲག་གི་ཤེས་དཔལ་རོལ་མྱོང་དང་བརྗིད་ཆགས་ཡིད་དུ་འོང་བའི་ཡུལ་ལྗོངས་མཉམ་སྤྱོད་བྱས་ཏེ། ཉི་འོད་གྲོང་དུ་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་དྲན་ཤེས་བཞག

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རྣམ་པ་རེད།

བོད་ལྗོངས་ཀྱི་ཚོགས་ར་གཙོ་བོའི་ཡུལ་དངོས་སུ་ད་དུང་མཛེས་སྡུག་ལྡན་པའི་སྤྱི་ཆིངས་གྲོས་གཞི་དང་དྲིལ་སྒྲོག་པང་ལེབ། ཡུལ་སྐོར་འགྲེལ་བཤད་སོགས་བྱེད་ཐབས་བརྒྱུད། ཡུལ་སྐོར་བ་དང་གྲོང་མིར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། ཚང་མས་མཛེས་ལྗོངས་ལ་རོལ་མྱོང་བྱེད་པ་དང་ཆབས་ཅིག མཐོ་སྒང་ཁོར་ཡུག་གཅེས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་དར་སྤེལ་དུ་བཏང་།

ཉིན་དེར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བྱ་འགུལ་སྣ་མང་མཉམ་འགུལ་བྱས་ཏེ། ལྗོངས་ཡོངས་ཀྱི་སྐོར་བྲོའི་འགྲན་བསྡུར་ཆེན་མོ་དང་། གནམ་མཚོའི་དར་ཁ་འབྱེད་པའི་དུས་ཆེན། རིག་གནས་དམངས་ཕན་མཛེས་ལྗོངས་ཁུལ་དུ་འཁྲབ་སྟོན། རྒྱལ་ནང་དུ་ཡོང་བའི་ཡུལ་སྐོར་བའི་བསྒྲིལ་གླས་གནམ་གྲུ། རིག་གནས་ཡུལ་སྐོར་འོས་སྦྱོར་མཁན་གྱི་ཉམས་འགྱུར་སོགས་མུ་འབྲེལ་བྱ་འགུལ70ལྷག་སྤེལ་མགོ་ཚུགས་ཡོད། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།