ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མཚོ་སྨད་ཀྱིས“རླུང་འོད”ཐོན་ཁུངས་ལ་བརྟེན་ནས་མཐོ་སྒང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི་དཔེ་རིས་གསར་བ་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་དུ་སླེབས་ཡོད་ལ། ཕུན་སུམ་ཚོགས་པའི་རླུང་ཤུགས་དང་ཉི་ནུས་སོགས་ནུས་ཁུངས་གཙང་མར་བརྟེན་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་ལག་ལེན་ཧུར་ཐག་བྱས་པ་དང་། ནུས་ཁུངས་གཙང་མའི་ཐོན་ལས་ཤུགས་ཆེན་འཕེལ་རྒྱས་སུ་བཏང་བ། མཐོ་སྒང་གི་ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་འཚོལ་ཞིབ་བཅས་བྱས་ཏེ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་རོགས་རམ་བྱས་ཡོད།

  

རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་རླུང་ཤུགས་གློག་འདོན་རྣམ་གྲངས་ཐོག་མ་སྟེ། གྲི་གུ་རླུང་ཤུགས་གློག་འདོན་ས་ཚིགས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་ཆེན་མོར་བཙུགས་ཡོད། རྣམ་གྲངས་དེ་ནི་ཀྲུང་གོའི་འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཀྱིས་མ་དངུལ་བཏང་ནས་སྐྲུན་པ་དང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད72.6MWཟིན་ཡོད་པ་དང་། རང་རྒྱལ་གྱི་གློག་འདོན་ཚད་ཚང་མ་དྲ་སྦྲེལ་བྱུང་བའི་ས་བབ་ཧ་ཅང་མཐོ་བའི་རླུང་ཤུགས་གློག་འདོན་ས་ཚིགས་ཐོག་མ་ཡིན་ལ། དེའི་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་རླུང་ཤུགས་གློག་འདོན་གསར་སྤེལ་འཛུགས་སྐྲུན་ལས་རིགས་ཀྱི་སྟོང་ཆ་བསྐངས་ཡོད།

2024ལོའི་ལོ་མཇུག་བར། རླུང་ཤུགས་གློག་འདོན་ས་ཚིགས་དེའི་དྲ་འཇུག་གློག་ཚད་ཆན་ཝ་དུང་ཕྱུར4.2ལས་བརྒལ་བ་དང་། ཚད་ལྡན་རྡོ་སོལ་ཏུན་ཁྲི5.2གྲོན་ཆུང་བྱས་པ་དང་དབྱང་གཉིས་ཐཱན་རྫས་ཏུན་ཁྲི42ཕྱིར་འབུད་ཉུང་གཏོང་བྱས་པ་དང་གཅིག་མཚུངས་ཡིན་པས། ལྷོ་ཁ་གྲོང་ཁྱེར་གྱི་གློག་སྤྱོད་མི་འདང་བ་ལྷོད་གཡེང་དང་ས་གནས་ནུས་ཁུངས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་ཡོད།

ཤེས་གསལ་བྱུང་བ་ལྟར་ན། རྣམ་གྲངས་བསྐྲུན་པའི་གོ་རིམ་ཁྲོད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་རྣམ་གྲངས་རིགས་སྒྲུབ་དང་ཇུས་འགོད་ནས་འཛུགས་སྐྲུན་དབར་དུ་སྐྱེ་ཁམས་སྲུང་སྐྱོང་བྱེད་ཐབས་ལག་ལེན་ནན་མོ་བྱས་པ་དང་། རླུང་ཤུགས་འཕྲུལ་འཁོར་གྱི་འཛུགས་ཡུལ་གདམ་ག་འབྲོག་ཁུལ་ལས་གཡོལ་བ་ནས་ཨར་ལས་རྗེས་སུ་ས་ངོས་སྔོ་ཁེབས་སླར་གསོའི་བར་ཚད་མཐོའི་མཐོང་ཆེན་བྱས་ནས། གློག་འདོན་པ་དང་སྐྱེ་ཁམས་གཉིས་རྒྱལ་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད།

ཉེ་ལམ། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱིས་རླུང་ཤུགས་གློག་འདོན+ནུས་གསོག་རྣམ་གྲངས་ཀྱི་འགྲན་རྩོད་སྒྲིག་སྦྱོར་ལེགས་འགྲུབ་བྱུང་བ་དང་། “སྤྱི་ཡོངས་འགྲན་རྩོད་སྒྲིག་སྦྱོར་དང་ཁག་བགོས་ལག་བསྟར”རྣམ་པའི་སྒྲིག་སྦྱོར་གཞིར་བཟུང་། སྒྲིག་སྦྱོར་སྤྱིའི་གཞི་ཁྱོན300MWལ་སླེབས་པ་དང་། རྣམ་གྲངས་སྤྱིའི་མ་འཇོག་སྒོར་དུང་ཕྱུར16.5ཙམ་ཟིན་ཡོད་ལ། ཁག་གསུམ་དུ་བགོས་ནས(དུས་ཐེངས་དང་པོར80MWདང་དུས་ཐེངས་གཉིས་པར120MW། དུས་ཐེངས་གསུམ་པར100MW)ལག་བསྟར་བྱ་རྒྱུ་རེད། 2025ལོར་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ལག་བསྟར་བྱ་རྩིས་ཡོད་ལ། 2026ལོར་དུས་ཐེངས་གསུམ་པའི་རྣམ་གྲངས་ལག་བསྟར་བྱས་ཏེ་རླུང་ནུས་སྔར་བས་མང་པོ་ལྗང་མདོག་གློག་ནུས་སུ་བསྒྱུར་དགོས། 

  

ཉེ་བའི་ལོ་འགའི་རིང་། མཚོ་སྨད་རྫོང་གིས་འོད་ཤུགས་གློག་འདོན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། མིག་སྔའི་བར་མཚོ་སྨད་རྫོང་གིས་འོད་ཤུགས་གློག་འདོན་ས་ཚིགས3སྐྲུན་ཡོད་པ་དང་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད70MWསླེབས་ཡོད། 2017ལོར་གློག་འདོན་ས་ཚིགས་ཐོག་མ་དྲ་སྦྲེལ་བྱུང་ནས་གློག་བཏང་བ་ནས་ན་ནིང་གི་ལོ་མཇུག་བར་བསྡོམས་པས་གློག་ཆན་ཝ་དུང་ཕྱུར3.4བཏང་བ་ཡིན་ལ། དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི4.2གྲོན་ཆུང་དང་དབྱང་གཉིས་ཐཱན་རྫས་ཏུན་ཁྲི33.9ཕྱིར་འབུད་ཉུང་གཏོང་བྱས་པ་དང་གཅིག་མཚུངས་ཡིན།

གློག་འདོན་ས་ཚིགས་ཀྱི་འགན་འཁུར་བ་ཀའོ་ཕན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གློག་འདོན་ས་ཚིགས་ཀྱིས་འོད་ཤུགས་པང་ལེབ་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་བ་བརྒྱུད། པང་ལེབ་འོག་ཏུ་ཕྱུགས་རྩྭ་རྒྱུན་ལྡན་སྐྱེས་བར་འགན་སྲུང་བྱས་ཏེ་ནུས་ཁུངས་གསར་སྤེལ་དང་ཕྱུགས་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ས་གནས་དེ་གའི་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད2800ལས་བརྒལ་ནས་འོད་ཕོག་ཚད་འདང་ངེས་ཀྱི་ལེགས་ཆ་དེ་འཛད་མེད་འཆད་མེད་ཀྱི་ལྗང་མདོག་འགུལ་ནུས་སུ་སྒྱུར་བཞིན་ཡོད།

མཚོ་སྨད་རྫོང་གི་ནུས་ཁུངས་གཙང་མའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དེ་སྲིད་ཇུས་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་འགའི་རིང་། མཚོ་སྨད་རྫོང་གིས་ནུས་ཁོངས་གཙང་མ་འཛུགས་སྐྲུན་ལས་དོན་གྱི་མགོ་ཁྲིད་ཚན་ཆུང་དང་ཚོང་འགུག་དངུལའ་དྲེན་ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བཟོས་པ་དང་། ནུས་ཁུངས་ཁེ་ལས་ཀྱིས་ཚེ་སྲོག་འཁོར་ཡུན་གྱི་དཀའ་གནད་མཐུན་སྦྱོར་ཐག་གཅོད་བྱས་པ། དེ་དང་ཆབས་ཅིག མཚོ་སྨད་ཀྱི་ས་ཞིང་ཐོན་ཁུངས་གནས་བབ་དང་ཐོན་ཁུངས་གསོག་ཚད། ཐོན་ཁུངས་ཁྱབ་ཚུལ་བཅས་ཟུང་འབྲེལ་བྱས་ནས། 《ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་རླུང་འོད་ཚ་ནུས་གཞི་གཅིག་ཏུ་གསོག་པའི་རྣམ་གྲངས་འཆར་འགོད་སྙན་ཞུ》སྒྲིག་བཟོ་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་ནུས་ཁུངས་གསར་བ་གསར་སྤེལ་བྱས་ཡོད། 

  

མཚོ་སྨད་རྫོང་གི་ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི་བགྲོད་ལམ་ནི་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ལག་བསྟར་གྱི་གསོན་ཉམས་ལྡན་པའི་ལག་ལེན་རེད། དེང་སྐབས། ནུས་ཁུངས་གཙང་མའདི་ཉིད་མཚོ་སྨད་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་བྱེད་གསར་བར་གྱུར་ཡོད་ལ། རྫོང་དེ་གའི་མུ་མཐུད་དུ་ནུས་ཁུངས་གཙང་མའི་ཁྱབ་ཁོངས་སུ་འབད་འབུངས་མདུན་སྐྱོད་བྱས་ནས“རླུང་འོད་ཚ”ཐོན་ཁུངས་སྔར་ལས་མང་པོ་དཔལ་འབྱོར་ལེགས་ཆར་སྒྱུར་ཏེ། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་མཚོ་སྨད་ཀྱི་སྟོབས་ཤུགས་འབུལ་བ་དང་། མཐོ་སྒང་ནུས་ཁུངས་གཙང་མ་འཕེལ་རྒྱས་ལའང་དཔྱད་གཞིར་འཛིན་རུང་བའི“མཚོ་སྨད་ཀྱི་དཔེ་དབྱིབས”མཁོ་འདོན་བྱེད་དགོས། །

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།
རྩོམ་སྒྲིག་འགན་ཁུར་བ། : ཀླུ་མོ་མཚོ།