ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཏོད་པའི་སྲོལ་ཡིག》དེ(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ) 2025ལོའི་ཟླ1པོའི་ཚེས15ཉིན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལ་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ཇེ་ལེགས་སུ་གཏོང་བ་དང་ཤུགས་སྣོན་བརྒྱབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཡིན་པ་འབུར་དུ་ཐོན་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》དེ་ད་ལོའི་ཁྲིམས་འཛུགས་རྣམ་གྲངས་གལ་ཆེན་ཏུ་བརྩིས་ཏེ། མགོ་ཁྲིད་ཚན་ཆུང་དང་འོག་རིམ་དུ་ལས་དོན་ཆེད་གཉེར་ཚན་ཆུང་བཙུགས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཆོས་ལུགས་ཕྱི་དོན་དང་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ཆེད་གཉེར་ཚན་ཆུང་གི་བྱེ་བྲག་ལས་དོན་སྒྲུབ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཆོས་ལུགས་ཕྱི་དོན་དང་ཕྱི་སྡོད་རང་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་གི་ཟླ3པར《སྲོལ་ཡིག》བཟོ་བཅོས་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། པེ་ཅིན་དུ་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས《སྲོལ་ཡིག》བཟོ་བཅོས་ཀྱི་བསམ་ཕྱོགས་ལ་ཉན་པ་དང་། ཆེད་གཉེར་ཚན་ཆུང་གིས་གཅིག་བསྡུས་འཆར་ཟིན་འགོད་པ་དང་། གཅིག་བསྡུས་གྲོས་བསྡུར། གཅིག་བསྡུས་དག་བཅོས་བྱས་ཏེ། རེས་སྐོར30ལྷག་རིང《སྲོལ་ཡིག》བཟོ་བཅོས་འཐུས་ཚང་དུ་བཏང་བ་བརྒྱུད་བཟོ་བཅོས་འཆར་ཟིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞུས་ནས་གྲོས་ཞིབ་ཐེངས་གསུམ་ལ་བྱས།
བསྟན་འཛིན་ལྷུན་གྲུབ་ཀྱིས《སྲོལ་ཡིག》བཟོ་བཅོས་གོ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་མགོ་ཁྲིད་ཁྲིམས་འཛུགས་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་ཁྱབ་པར་བྱས་ནས་ཏང་གི་མི་རིགས་གཞུང་ལུགས་དང་ལག་ལེན་གང་ལ་འཕེལ་རྒྱས་བྱུང་ན་མི་རིགས་ཁྲིམས་སྐྱོང་འགན་སྲུང་ཀྱང་དེ་གར་ཐོན་པར་འགན་ལེན་ཏན་ཏིག་བྱས་ཡོད། ཐོག་མཐར་བར་གསུམ་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཙོ་ཁྲིད་ནུས་པ་རྒྱུན་འཁྱོངས་བྱས་ཤིང་། ཐེངས་འདིའི་བཟོ་བཅོས་ནི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དང་། མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་སྟོབས་ཤུགས་སྤྱི་འདོམས། ཆེད་གཉེར་ཚན་ཆུང་གི་རྣམ་པའི་སྐུལ་འདེད་བཏང་བ། ཐོག་མཐའ་བར་གསུམ་དུ་གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཡོད་ཅེས་བསྟན།
ངོ་སྤྲོད་བྱས་པ་ལྟར་ན། 《སྲོལ་ཡིག》བཟོ་བཅོས་གོ་རིམ་ཁྲོད་མགོ་ཁྲིད་ཚན་ཆུང་གིས་ཆེད་དོན་ཚོགས་འདུ་ཐེངས7བསྡུས་པ་དང་། ཆེད་དུ་རྒྱལ་ས་པེ་ཅིན་དུ་སྐྱོད་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་ལས་ལས་དོན་ཨུ་ལྷན་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཀྲུང་གོའི་བོད་རིག་ཞིབ་འཇུག་ལྟེ་གནས་བཅས་སུ་སྙན་སེང་ཞུས་ཏེ། རྒྱལ་ཁབ་ཀྱི་སྡེ་ཁག་དང་ཆེད་མཁས་པ་ཁ་ཤས་ཀྱི་མཛུབ་སྟོན་དང་རོགས་སྐྱོབ་ཐུབ་པར་བརྩོན་ལེན་བྱས། དེ་དང་ཆབས་ཅིག སྔ་རྗེས་སུ་རེས་སྐོར3ལ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཆབ་སྲིད་ཞིབ་འཇུག་ཁང་དང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་དང་ས་ཁུལ7(གྲོང་ཁྱེར)གྱི་མི་དམངས་འཐུས་མི་ཚོགས་ཆེན་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཤིང་། ས་ཁུལ་ཨུ་ལྷན7(གྲོང་ཁྱེར)དང་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)བསམ་འཆར་བསྡུ་ལེན་བྱས་པ་དང་། བོད་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དྲ་ཚུགས་སུ་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ། ལྗོངས་ནང་ཁུལ་གྱི་ཆེད་མཁས་པའི་རིགས་སྒྲུབ་ཚོགས་འདུ་དང་སྲིད་གྲོས་ཀྱི་ཁྲིམས་འཛུགས་གྲོས་མོལ་ཚོགས་འདུ་བསྡུས་པ་མ་ཟད། ད་དུང་ནང་སོག་དང་ཀོང་ཞིས་སུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱས་པ། ཐབས་ལམ་དང་རིམ་པ་མང་པོས་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། བསྡོམས་པས་བསམ་འཆར414བསྡུ་ལེན་བྱས་ཤིང་། “དང་ལེན་བྱ་དགོས་པའི་རིགས་དང་ལེན་བྱེད་པའི”རྩ་དོན་གཞིར་བཟུང་། དོན་ཚན་དང་ཚིག་གྲུབ། ཡིག་འབྲུ་རེ་རེ་བཞིན་བཟོ་བཅོས་འཐུས་ཚང་དུ་བཏང་སྟེ་བསམ་འཆར222དང་ལེན་བྱས།
བསྟན་འཛིན་ལྷུན་གྲུབ་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་དཔེ་སྟོན་ཁུལ་བཏོད་པའི་ལས་དོན་གྱི་ལྟེ་བའི་དམིགས་འབེན་གསལ་བོ་བྱས་ཡོད་དེ། 《སྲོལ་ཡིག》གི་དོན་ཚན་དང་པོ་མདོར་བསྟན་པའི་ནང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་གཏན་འབེབས་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་དཔེ་སྟོན་ཁུལ་བཏོད་པ་དབར་གྱི་འབྲེལ་བ་གསལ་བོ་བྱས་ཡོད། དཔེ་སྟོན་ཁུལ་བཏོད་པ་ནི་ཐེག་བྱེད་དང་ཐབས་ལམ་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞེས་པའི་གཙོ་ཐིག་འདི་རྒྱུན་འཁྱོངས་བྱས་ཏེ། དེ་གཉིས་དབར་གྱི་གཏན་ཚིགས་འབྲེལ་བ་གསལ་བཤད་བྱས་པ། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་འགན་གཙོ་བོ་གསལ་བོ་བྱས་པ། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་དོན་ཚན་བཅུ་གཅིག་པ་ནས་བཅོ་བརྒྱད་པའི་ནང་དཔེ་སྟོན་ཁུལ་བཏོད་པའི་ལས་འགན་གཏན་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔེ་སྟོན་ཁུལ་བཏོད་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ཅེས་བཤད།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཀྱང་ཡིན་པས། དེ་ནི་བོད་ལྗོངས་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཡིན། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་འབུར་ཐོན་ཁྱད་ཆོས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་འདི་མགོ་མཇུག་ཡོངས་སུ་ཁྱབ་ནས། མངོན་གསལ་དོད་པོའི་དུས་རབས་ཀྱི་ཁྱད་ཆོས་དང་རིན་ཐང་སྟོན་ཕྱོགས་མངོན་ཏེ། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་བ་རྩོམ་པར་སྔར་བས་སྐུལ་འདེད་གཏོང་བ་དང་། བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱེད་ངེས་ཡིན་ཞེས་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་བསྡོམས་པས་ལེའུ7དང་དོན་ཚན50ཡོད་ཅིང་། དེའི་ནང་སྤྱིའི་རྩ་དོན་དང་། འགན་འཁྲི་ལས་འགན། སྤྱི་ཚོགས་མཐུན་སྦྱོར། དྲིལ་སྒྲོག་སློབ་གསོ། འགན་སྲུང་ལྟ་སྐུལ། ཁྲིམས་ལུགས་འགན་འཁྲི། ཞར་བྱུང་དོན་ཚན་བཅས་འདུས་ཡོད། །